ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་རེ་འདོད་ཀྱི་དམངས་འདོད་བརྟག་དཔྱད་ལས་མངོན་པར།
“ཧྲང་ཧའེ་ཡི་སྙིང་སྟོབས”ལ་ཁས་ལེན་རྒྱ་ཁྱབ་ཐོབ་པ་དང་མཉམ་ལས་ཟབ་ཏུ་གཏོང་བའི་འདོད་བློ་ཆེན་པོ་ཡོད་པ།
ཉིན་ཤས་གོང་། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཐོག མི་དམངས་ཉིན་རེའི་ཚགས་པར་ཁང་རྒྱལ་སྤྱི་པུའུ་དང་སའི་གོ་ལའི་སྐབས་དོན་ཚགས་པར་ཞིབ་འཇུག་ཁང་གིས《ཐུན་མོང་གི་ཁྱིམ་གཞིས—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་རེ་འདོད་ཀྱི་དམངས་འདོད་བརྟག་དཔྱད་སྙན་ཞུ》མཉམ་དུ་ཡོངས་བསྒྲགས་བྱས་ཤིང་། སྙན་ཞུ་ལས་མངོན་པར། ཁོངས་མིའི་རྒྱལ་ཁབ་ཀྱི་དམངས་ཚོགས་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”ལ་ཁས་ལེན་རྒྱ་ཁྱབ་བྱས་ནས་རྒྱལ་ཁབ་དབར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
སྙན་ཞུ་ལས་མངོན་པར། བཅར་འདྲི་དང་ལེན་མཁན་བཅུ་ཆ་བརྒྱད་ཡན་གྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་བཏོན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པར་ཁས་ལེན་གང་ལེགས་བྱས་པ་དང་། བཅར་འདྲི་དང་ལེན་མཁན་བཅུ་ཆ་བདུན་ལ་ཉེ་བས་རང་རྒྱལ་ཁབ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྟེགས་བརྒྱུད་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཞུགས་པའི་གོ་སྐབས་དེ་བས་མང་བ་ཐོབ་པའི་ངོས་འཛིན་བྱས་པ། བཅར་འདྲི་དང་ལེན་མཁན་བཅུ་ཆ་དྲུག་ཡན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རང་རྒྱལ་ཁབ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་ཁས་ལེན་བྱས་པ། བཅར་འདྲི་དང་ལེན་མཁན་བཅུ་ཆ་དགུ་ཡན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་རང་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་རིན་ཡོད་པའི་ངོས་འཛིན་བྱས་པ། དམངས་ཚོགས་བཅུ་ཆ་དགུ་ཡན་གྱིས་ཀྲུང་གོ་དང་མཉམ་ལས་བྱས་ནས་བྱུང་བའི་འཕེལ་རྒྱས་ཀྱི་ཕན་པར་ལྟ་སྟངས་ཡག་པོ་བཟུང་གི་ཡོད་པ་རེད། བརྟག་དཔྱད་འབྲས་བུ་ལས“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དེ་བས་རིན་ཐང་ལྡན་པའི་གོང་བུ་སྒྲིལ་ཤུགས་ཆེན་པོ་ར་འཕྲོད་བྱུང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་དམངས་ཚོགས་ཚོས་ས་ཁོངས་མཉམ་ལས་ཟབ་ཏུ་གཏོང་བར་བཅངས་པའི་རེ་སྒུག་ཆེན་པོ་མཚོན་པར་བྱས་ཡོད།
ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོ”ཡིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གསར་གཏོད་ཁོངས་མིའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཞན་དང་མཉམ་དུ་རྒྱ་ཆེ་གཏིང་ཟབ་ཀྱི་དངོས་སྒྲུབ་མཉམ་ལས་དང་། སྒོ་དབྱེའི་རྣམ་པའི་ཐོག་ནས་ཀྲུང་གོའི་འཕེལ་རྒྱས་འདུ་ཤེས་དང་བཅོས་སྒྲིག་ཇུས་འགོད་ལོངས་སུ་སྤྱད་པ། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དང་ལག་ལེན་གྲུབ་འབྲས་མཉམ་སྤྱོད། ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་བྱས་པ་རེད།
ད་ཐེངས་ཀྱི་དམངས་འདོད་བརྟག་དཔྱད་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞིའི་ཁོངས་མིའི་རྒྱལ་ཁབ་10རུ་བྱས་ཤིང་། ཟླ་3ཚེས་31ཉིན་ནས་ཟླ་5ཚེས་8ཉིན་བར་རྒྱ་ཡིག་དང་། དབྱིན་ཡིག ཨུ་རུ་སུའི་ཡི་གེ བྷོ་ཧེར་ཡི་གེ ཝུར་ཏུའོ་ཡི་གེ ཧ་སག་སི་ཐན་ཡི་གེ་སོགས་ཡིག་རིགས་ཁག་11གི་ནུས་ལྡན་འདྲི་ཤོག་5700ལྷག་ཙམ་ཚུར་བསྡུ་བྱས་ཡོད། སྙན་ཞུའི་ནང་སྣ་མང་རིག་གནས་རྒྱབ་ལྗོངས་ཁྲོད་ཀྱི་དམངས་འདོད་ཀྱི་ནང་དོན་ཕྱོགས་ཡོངས་ནས་མངོན་ཏེ། དེ་བས་དམ་ཚགས་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་དམངས་འདོད་ཀྱི་གནས་ཚད་མ་ལག་བརྟན་པོ་མཁོ་འདོན་བྱས་ཡོད། མིག་སྔའི་ཟིང་ཆ་ཆེ་བའི་རྒྱལ་སྤྱིའི་རྒྱབ་ལྗོངས་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་དམངས་ཚོགས་ཚོས་ཕྱོགས་མང་མཉམ་ལས་ལ་ཚད་མཐོའི་རེ་སྒུག་བྱེད་པ་ཧ་ཅང་རྩ་ཆེན་ཡིན་པ་རེད།