ཀྲུང་གོ་གུང་ཁྲན་ཏང་དང་མཐའ་འཁོར་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་འཚོགས་པ།
ཟླ་5ཚེས་25དང་ཚེས་26ཉིན། “མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར། སྲིད་ཏང་གིས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་ཀྲུང་གོ་གུང་ཁྲན་ཏང་དང་མཐའ་འཁོར་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། མ་ལེ་ཞི་ཡའི་མི་དམངས་དྲང་བདེན་ཏང་གི་ཀྲུའུ་ཞི་དང་སྲིད་གཞུང་གི་ཙུང་ལི་ཨན་ཝར་དང་། ཕ་ཁི་སི་ཐན་མུའུ་སི་ལིན་མནའ་འབྲེལ(ཞེ)གྱི་འགོ་ཁྲིད་དང་སྲིད་གཞུང་གི་ཙུང་ལི་ཞཱ་པ་ཙི། ཐེ་ལན་མི་དམངས་ཞབས་ཞུ་ཏང་གི་འགོ་ཁྲིད་དང་སྲིད་གཞུང་གི་ཙུང་ལི་ཕེ་ཐུང་ཐན་བཅས་ཀྱིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་གཙོ་དོན་གཏམ་བཤད་སྤེལ་སྐབས་མཐའ་འཁོར་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་སྔོན་འཛིན་ཁ་ཕྱོགས་ཤིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་ཇུས་ཤུགས་མཉམ་འདོན་དང་ཁ་སྤྲོད་དུ་བསྐྱོད་ནས་ཡོ་ལང་དུས་སྐབས་སུ་རླུང་འགོག་ཆར་གཡོལ་ཐུབ་པའི་ཐུན་མོང་གི་ཁྱིམ་གཞིས་ལག་གདང་སྦྲེལ་ནས་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།
ཚོགས་ཞུགས་རྒྱལ་ཁབ་ཁག་གི་སྲིད་ཏང་གི་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་སོགས་ཀྱི་འདོད་ཚུལ་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ཨེ་ཤེ་ཡའི་ལེགས་སྐྱེས་འབུལ་དགོས་ཞེས་བརྗོད་པ་རེད།
ཨེ་ཤེ་ཡ་བྱང་ཤར་དང་། ཨེ་ཤེ་ཡ་ཤར་ལྷོ། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་དབུས་མ། ཨུ་རུ་སུ་སོགས་མཐའ་འཁོར་རྒྱལ་ཁབ་ནས་ཡོང་བའི་སྲིད་ཏང་གི་འགོ་ཁྲིད་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཁག་གཅིག་དང་རིག་མཛོད་སྨྱན་སྦྱོར་གྱི་འཐུས་མི། བཟོ་ཚོང་ལས་རིགས་ཀྱི་མི་སྣ། ཀྲུང་གོ་ཕྱོགས་ཀྱི་འཐུས་མི་བཅས་ཁྱོན་མི་200ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།