དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་དུ་གཏེར་ལས་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-29

    ཉེ་ཆར། 2025ལོའི་ཀྲུང་གོ(ཀོང་ཤིས)དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཏེར་ལས་མཉམ་ལས་ཚོགས་ཆེན་གྱི་གཏེར་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་བགྲོ་གླེང་ཚོགས་འདུ་ཀོང་ཤིས་ནན་ཉིང་དུ་འཚོགས་ཤིང་། བགྲོ་གླེང་ཚོགས་འདུར་གཏེར་ལས་ལྗང་མདོག་ཕྱོགས་སྒྱུར་གྱི་ཐབས་ལམ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཏེར་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དམིགས་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི་བཅས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་གཏེར་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐབས་ལམ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱས་པ་རེད།

    བགྲོ་གླེང་ཚོགས་འདུར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཚན་ཧྲི་ཀྲང་ཧུང་ཐའོ་དང་། ཐི་མོར་ཤར་མའི་རྒྱལ་ཁབ་གཏེར་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ལ་ཧྥེར·མ་ཉི་ཨའོ·ཏེ་ཨ་ལའོ་རུའོ། ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་ཏ་ཝུན། ཧིན་རྡུ་ཉི་ཞི་ཡའི་ནུས་རྒྱུ་གཏེར་རྫས་པུའི་འཐུས་མི་ཨ་ཀྲ་ལི་ཡ·དབྱིན་ཏེ་ལ་ཝ་ཏ་ན་སོགས་སྐུ་མགྲོན་གྱི་འཐུས་མི་མང་པོས“གཏེར་ལས་ཕྱོགས་སྒྱུར་གྱི་གོ་སྐབས་དང་འགྲན་སློང”དང“བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ཐོག་ནས་ཐི་མོར་ཤར་མའི་གཏེར་རྫས་འཕེལ་རྒྱས་ཀྱི་སྤུས་ཚད་འགན་ལེན”“གཏེར་རྫས་ཐོན་ཁུངས་ལ་མགྱོགས་མྱུར་གདེང་འཇོག་དང་རྩད་ཞིབ་བྱེད་ཐབས”“ཧིན་རྡུ་ཉི་ཞི་ཡའི་གཏེར་ལས་འཕེལ་རྒྱས་ཀྱི་རྣམ་པ་དང་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱེད་པའི་སྲིད་ཇུས”སོགས་བརྗོད་དོན་གཙོ་བོར་དམིགས་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། ཀོང་ཤིས་ཀྱི་གཏེར་རྫས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཚུལ་ལ་དོ་ཁུར་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན་དང་ཐོན་ཁུངས་རྐུ་སྔོག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུའི་ཐད་ཐབས་ཇུས་བཏོན་པ་རེད།

    ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ངོས་འཛིན་གནང་དོན། གཏེར་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་གཏེར་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཏེར་རྫས་ཐོན་ཁུངས་ལ་ཕན་ཚུན་གསབ་རེས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད་པས་ཕྱོགས་ཁག་གིས་སྲིད་ཇུས་ཀྱི་སྐད་ཆ་ཤོད་རེས་དང་། ལག་རྩལ་མཐུན་སྦྱོར། ཁྲོམ་རའི་མཉམ་འགུལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གཏེར་ལས་ལྗང་མདོག་ཅན་དང་། ཐཱན་ཉུང་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།