ཀྲུང་གོས་ཆ་ཏེར་རོགས་སྐྲུན་བྱས་པའི་ཨིན་ཅ་མེ་ནཱ་ལུས་རྩལ་ཐང་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཡ་ཝུན་ཏེ་ནས་གློག་འཕྲིན་འབྱོར་གསལ། ཨིན་ཅ་མེ་ནཱ་ནས་འབྱོར་བའི་གནས་ཚུལ་གཞིར་བཟུང་། ཀྲུང་གོས་ཆ་ཏེར་རོགས་སྐྲུན་བྱས་པའི་ཨིན་ཅ་མེ་ནཱ་ལུས་རྩལ་ཐང་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཉིན་ཤས་གོང་ཆ་ཏེའི་རྒྱལ་ས་ཨིན་ཅ་མེ་ནཱ་རུ་འཚོགས་པ་དང་། ཆ་ཏེའི་ཙུང་ཐུང་མུའུ་ཧན་མོ་ཏེ·ཏའེ་པིས་ལུས་རྩལ་ཐང་གི་རྐང་རྩེད་སྤོ་ལོ་ཐང་དུ་སྤོ་ལོ་ཐོག་མ་དེ་འགོ་བཙུགས་པ་ལས་ལུས་རྩལ་ཐང་དེ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
མུའུ་ཧན་མོ་ཏེས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས་ཀྲུང་གོར་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པ་མ་ཟད། ཆ་ཀྲུང་མཉམ་ལས་ལ་གདེང་ཚོད་ཡོད་ལུགས་ཀྱང་བརྗོད་པ་རེད། “ལུས་རྩལ་ཐང་འདི་ནི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཡིན་ལ། ཆ་ཏེ་དང་ཀྲུང་གོའི་ཕན་འབྲས་ལྡན་པའི་མཉམ་ལས་ཀྱི་དངོས་ཡོད་གྲུབ་འབྲས་གཞན་ཞིག་ཀྱང་རེད” ཁོང་གིས་འདི་ནི་ཆ་ཀྲུང་གི་གཉིས་ཁེ་གཉིས་ཕན་དང་། ཕན་ཚུན་བརྩི་འཇོག དམིགས་ཚད་གཅིག་མཐུན་བཅས་ཀྱི་རོགས་ཟླའི་འབྲེལ་བའི་གྲུབ་འབྲས་ཤིག་ཀྱང་ཡིན་ཞེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། ཆ་ཏེར་རོགས་སྐྲུན་བྱས་པའི་ཨིན་ཅ་མེ་ནཱ་ལུས་རྩལ་ཐང་ནི་ཀྲུང་ཆས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། ཧྲའན་ཤིས་འཛུགས་སྐྲུན་བཟོ་ལས་ཚོགས་པས་སྐྲུན་འགན་ཁུར་ནས་ཟླ་འདིའི་ཚེས་12ཉིན་ཆ་ཏེར་དངོས་སུ་རྩིས་སྤྲད་པ་རེད། ལུས་རྩལ་ཐང་དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3.3ཡོད་པ་དང་ལྟད་མོ་བ་ཁྲི་3ཤོང་ཐུབ་པ་མ་ཟད། རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ལག་རྩེད་སྤོ་ལོ་སོགས་ཆེད་ལས་ཀྱི་ར་བ་དང་དེང་རབས་ཅན་གྱི་སྒྲིག་བཀོད་སྒྲིག་སྦྱོར་ཡང་བྱས་ཡོད་པས། དེ་ནི་ཆ་ཏེས་ཨ་ཧྥེ་རི་ཁ་བུམ་པའི་འགྲན་དོན་གཉེར་འགན་ཁུར་ཐུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་ཐང་དང་པོ་དེ་ཡིན་པ་རེད།