དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་གཞན་ཕན་སྒྲུབ་པར་དགའ་བའི་ཀུན་སྤྱོད་དཔེ་བཟང་བ་ཉི་མ་ཚེ་རིང་།

    མར་མེ་ཇི་བཞིན་འོད་སྣང་གཞན་ལ་སྦྱིན། གཞན་ཕན་དགེ་སྒྲུབ་འགན་འཁྲི་ཕྲག་ཏུ་ཁུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-29

    འདི་ནི་ཉི་མ་ཚེ་རིང་གིས་ལྷ་ས་ཆུ་ཤུར་རྫོང་མཉེས་ཐང་ཤང་སློབ་ཆུང་དུ་མི་རིགས་མཐུན་སྒྲིལ་སྐོར་སྒྲོག་འགྲེལ་བྱེད་བཞིན་པ།

    དྭ་ཕྲུག་27གྱི“པཱ་ལགས་བཟང་པོ”

    དྭ་ཕྲུག་27གསོ་ཉར་བྱས་པ་ནས་སློབ་སྦྱོང་ལྡུམ་ར་བཙུགས་པའི་བར་དང་། གཞི་རིམ་དུ་སྒྲོག་འགྲེལ་ཐེངས་མང་བྱས་པ་ནས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་བཙུགས་ཏེ་མྱང་ཆུ་གཙང་པོ་སྲུང་བའི་བར་ཉི་མ་ཚེ་རིང་གིས་རང་ཉིད་ཀྱི་བརྩེ་བ་ཟབ་མོར་བརྟེན་ནས་སྐད་གྲགས་མེད་པར་གཞན་ཕན་ལས་ལ་གཞོལ་བའི་འགན་འཁྲི་ཕྲག་ཏུ་ཁུར།

    ཉི་མ་ཚེ་རིང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཀྲུའུ་རེན་གཞོན་པའི་འགན་འཁུར་བཞིན་ཡོད་ཅིང་། ཉེ་ཆར། ཁོང་རྒྱལ་ཡོངས་ཀྱི་སྐབས་དགུ་པའི་གཞན་ཕན་སྒྲུབ་པར་དགའ་བའི་ཀུན་སྤྱོད་དཔེ་བཟང་བར་བདམས་ཡོད།

    ཉི་མ་ཚེ་རིང་ཐོག་མར་འཕྲད་སྐབས་འདི་ལོའི་ཟླ་5ཚེས་24ཉིན་གྱི་ཉིན་གུང་ཡིན་ཞིང་། ཁོང་པེ་ཅིང་དུ་བྱ་དགའ་ལེན་པར་ཕྱིན་ནས་ལོག་མ་ཐག་རེད།

    ལོ་47ལ་སླེབས་པའི་ཉི་མ་ཚེ་རིང་གི་དུང་ལྟར་དཀར་བའི་དབུ་སྐྲ་དང་གཉེར་མས་ཁེངས་པའི་མིག་ཟུར་མངོན་གསལ་དོད་ཤོས་སུ་གྱུར།

    དབུ་སྐྲ་དཀར་ཞིང་གཉེར་མ་མང་བའི་ཁོང་ལ། དྭ་ཕྲུག་27ཚང་མས“པཱ་ལགས”ཞེས་འབོད་ཀྱིན་ཡོད།

    ཉི་མ་ཚེ་རིང་གིས་ཇ་ཁང་དང་། རླངས་འཁོར་འཁྲུ་ས་བཙུགས་པ་མ་ཟད། ཀོག་ཧྥེ་ཁང་དང་། འགྲུལ་ཁང་ཡང་གཉེར་ཏེ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དྭ་ཕྲུག་27ཚང་མ་སྦྲང་རྩི་ལས་མངར་བའི་འཚོ་བ་ལོངས་སྤྱོད་སྤྱོད་རྒྱུ་བྱུང་ཡོད།

    དྭ་ཕྲུག་གསོ་རྒྱུ་དེ་དང་ཐོག་ཁོང་ཕ་ཡུལ་ལ་འཁོར་ཞག་ཏུ་ཕྱིན་པ་ནས་འགོ་བརྩམས་ཤིང་། 2006ལོར། བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་དུ་གཉེན་ཉེ་ཐུག་པར་འགྲོ་དུས། ཁོང་གིས་གྲོང་པ་ཁྱིམ་མཚེས་རྨོ་བོ་གཅིག་པུས་ཕྲུ་གུ་4གསོས་ནས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པ་མཐོང་བའི་རྐྱེན་གྱིས་འཕྲལ་མར་རྨོ་བོ་དེའི་ཚ་མོ་གཉིས་རང་ཉིད་ཀྱིས་གསོ་རྒྱུའི་སེམས་ཐག་བཅད།

    དེ་ནས་བཟུང་ཁོང་གིས་དྭ་ཕྲུག་གསོ་འགོ་བརྩམས། དེ་རྗེས། ཉི་མ་ཚེ་རིང་གིས་སྦག་སྦག་བཏང་སྟེ་ལུང་ཁུག་གྲོང་གསེབ་དང་ས་བབ་མཐོ་བའི་འབྲོག་ཁུལ། བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ་རྫོང་། རིན་སྤུངས་རྫོང་སོགས་ལ་བསྐྱོད་ནས་སྔ་རྗེས་སུ་དྭ་ཕྲུག་27གསོས་པ་རེད།

    ཕྲུ་གུ་ཚོའི་སློབ་གསོའི་གནད་དོན་ཐག་གཅོད་བྱ་ཆེད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་འོག་ཉི་མ་ཚེ་རིང་གིས་སློབ་སྦྱོང་ཁང་གསར་པ་བཙུགས་ནས་ཕྲུ་གུ་ཚོར་སློབ་སྦྱོང་བྱ་ཡུལ་ཞིག་བསྐྲུན་ཡོད།

    བགྲང་བྱ་བཅུ་ལྷག་ཙམ་རིང་། དྭ་ཕྲུག་མང་པོ་སློབ་སྦྱོང་ཁང་ནས་ཐོན་ཏེ་བོད་ཀྱི་ལས་རིགས་ཁག་ཏུ་རང་ནུས་འདོན་བཞིན་ཡོད།

    དམངས་ཕན་སྲིད་ཇུས་ཀྱི་སྒྲོག་འགྲེལ་པ།

    ཉི་མ་ཚེ་རིང་ལ་ཟིན་བྲིས་དེབ་ཅིག་ཡོད་པ་དེའི་ནང་། ཁོང་གི་བསྐྱོད་དང་སྐྱོད་བཞིན་པའི་ལམ་བུ་བཀོད་ཡོད་པ་སྟེ། ཇོ་མོ་གླང་མའི་འདབས་ཀྱི་དིང་རི་རྫོང་ནས་བྱང་ཐང་གི་དཔལ་མགོན་རྫོང་བར་བོད་ཀྱི་རྫོང(ཆུས)60ལྷག་ཙམ་ལ་བསྐྱོད་མྱོང་།

    རང་སྐྱོང་ལྗོངས་རིམ་པའི་སྒྲོག་འགྲེལ་པ་ཞིག་ཡིན་པའི་ཁོང་གིས་ཟིན་བྲིས་དེབ་ནང་འཁོད་པའི་ཐེངས་མ་སྟོང་ཕྲག་ལྷག་གི་སྒྲོག་འགྲེལ་བྱེད་སྒོ་ལས་ཁོང་གི་བརྟན་སྲུང་གི་རང་གཤིས་གཞན་ཞིག་ཀྱང་མཐོང་ཐུབ།

    གཞི་རིམ་ཏུ་སྒྲོག་འགྲེལ་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ལ་རྙོག་རྫོབ་ལྡན་པ་ཞིག་རེད། ཉི་མ་ཚེ་རིང་གིས་མི་སེར་ལ་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱེད་པར་ངེས་པར་དུ་རང་ཉིད་ཀྱིས་སྔོན་ལ་མཐིལ་ཕྱིན་པ་སྦྱོང་དགོས་པ་གསལ་པོར་ཤེས་ཀྱི་ཡོད། ལྷོ་ཁ་མཚོ་སྣ་གྲོང་ཁྱེར་མདོ་མཁར་གྲོང་ཚོར་སྒྲོག་འགྲེལ་བྱེད་སྐབས། བཟའ་མི་བརྒྱད་ཡོད་པའི་ཁྱིམ་ཚང་ཞིག་སྨན་བཅོས་འགན་བཅོལ་གྱི་སྨན་རིན་མཐོ་དྲགས་འདུག་བསམ་ནས་རྒན་འཁོགས་དང་བྱིས་པར་མ་གཏོགས་སྨན་བཅོས་འགན་བཅོལ་བསྐྱལ་མེད་ཅིང་། ད་དུང་ཁྱིམ་ཚང་དེའི་དར་མ་ཞིག་ལ་གཅིན་སྙི་ཟག་ཁུའི་ནད་ཕོག་ནས་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་པ་ཤེས་འཕྲལ་ཁོང་གིས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུའི་སེམས་ཐག་བཅད།

    ཁོང་གིས“ཐག་རིང་ས་ཁུལ་གྱི་མི་སེར་ཚོས་རང་ཉིད་ཀྱི་བདེ་ཐང་འགན་སྲུང་ལ་སྣང་བ་དེ་ཙམ་གཏོང་གི་མི་འདུག་པས། ངས་གོ་བདེ་པོ་མེད་པའི་སྲིད་ཇུས་དག་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་ཚེ་ཚང་མས་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་འཇལ་བའི་གལ་འགངས་ཤེས་ཐུབ་སྙམ་བྱུང”ཞེས་བཤད།

    སྒྲོག་འགྲེལ་ཐེངས་མང་བྱེད་པར་བསྐྱོད་པས་ཁོང་གི་སྐད་འཛེར་ལ་ལྷམ་ཡང་ཟད་། འོན་ཀྱང་ཁོང་གིས་ཏང་གི་སྲིད་ཇུས་དང་ཐུགས་ཁུར་བོད་ཀྱི་ས་ཕྱོགས་གང་སར་རྒྱུན་ཆད་མེད་པར་ཁྱབ་པར་བྱས་ཡོད།

    མྱང་ཆུའི་སྐྱེ་ཁམས་སྲུང་སྐྱོང་པ།

    2023ལོའི་ཟླ་4པར་གཞིས་རྩེ་གྲོང་ཁྱེར་མྱང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་ཐོག་ཉི་མ་ཚེ་རིང་གིས“ཆུ་བོ་སྲུང་སྐྱོང་གི་གདོང་ལེན་པའི”དར་ཆ་དང་བླངས་པའི་ལག་ཏུ་སྤྲད་ཅིང་། དྭ་ཕྲུག་ཚོས་བརྩེ་བ་ཆེན་པོས“པཱ་ལགས”ཞེས་འབོད་པའི་ཉི་མ་ཚེ་རིང་ལ་ད་ཆ་སླར་ཡང་ཐོབ་ཐང་གཞན་ཞིག་ཡོད་པ་ནི་ས་མཐོའི་ཁོར་ཡུག་སྲུང་སྐྱོང་པ་ཡིན་པ་དེ་རེད།

    2023ལོའི་ཟླ་4པའི་ཚེས་8ཉིན་གཞིས་རྩེ་གྲོང་ཁྱེར་མྱང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་དངོས་སུ་བཙུགས་པ་རེད།

    མཐུན་ཚོགས་ཀྱི་གྲོས་འགོ་འདོན་མཁན་དང་འགན་འཁུར་བ་གཙོ་བོ་ཡིན་པའི་ཉི་མ་ཚེ་རིང་གིས་མ་དངུལ་རང་གྲབས་བྱས་ནས་ཡོ་བྱད་ཉོས་ཏེ་ཚོགས་མིའི་སྣེ་ཁྲིད་ནས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱ་བར་ཞུགས། གད་སྙིགས་གཙང་སེལ་བྱས་པ་ཙམ་གྱིས་ཁོར་ཡུག་གི་རྩ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱི་མེད་པ་ཁོང་གིས་གསལ་པོ་ཤེས་ཤིང་། “གལ་སྲིད་མི་ཚང་མར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མེད་ན་གད་སྙིགས་ནམ་ཡང་རྫོགས་རྒྱུ་མེད” དེ་བས་ཁོང་གིས་ཚོགས་མི་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དང་མི་སེར་གྱི་ཁྱིམ་དུ་བསྐྱོད་དེ་གཙང་སྦྲ་བྱེད་ཞོར་ཁོར་ཡུག་སྲུང་སྐྱོང་སྐོར་དྲིལ་བསྒྲགས་བྱས་ནས་ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རོགས་བྱེད་ཀྱི་ཡོད།

    “མི་ཚང་མས་བྱ་བཟང་ལ་དགའ་པོ་བྱེད་ཀྱི་ཡོད་པས། གལ་སྲིད་ང་ཚོས་སྣེ་ཁྲིད་ནས་ཁོར་ཡུག་འཕྲོད་བསྟེན་ཡག་པོ་བྱས་ནས་ཉེ་འཁོར་ཁམས་གཙང་མར་འགྱུར་ཐུབ་ཚེ། མི་རིང་བར་མི་ཚང་མས་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་གི་ལས་ལ་འབད་ངེས་རེད”ཅེས་ཉི་མ་ཚེ་རིང་གིས་བཤད།

    ད་ལྟ་མྱང་ཆུའི་ངོགས་གཉིས་སུ་སྐྱོད་སྐབས། དྭངས་གཙང་གི་ཆུ་བོ་ཤང་ཤང་དུ་རྒྱུག་པ་དང་གཙང་འགྲམ་དུ་རི་སྐྱེས་མེ་ཏོག་རབ་ཏུ་བཞད་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་ངོམ་རིན་ཆོག་པའི་མ་ཡུམ་གཙང་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་མཐོང་རྒྱུ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།