དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་རོགས་སྐྲུན་བྱས་པའི་པུ་རུན་ཏིའི་ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་ནས་གློག་གཏོང་ཚད་ཀྱིས་རྒྱལ་ཁབ་དེའི་དུས་མཚུངས་ཀྱི་སྤྱིའི་གློག་གཏོང་ཚད་ཀྱི་20%ཡན་བཟུང་བ།

    “པུ་རུན་ཏི་འོད་ཟེར་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་གོམ་པ་གལ་ཆེན་ཞིག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཤུའེ་ཏན། ཧོང་ཕེ་ཀྲའོ།   |     སྤེལ་དུས།  2025-05-28

    འདི་ནི་པུ་རུན་ཏིའི་ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་གི་རགས་ཆེན་ཡིན་པ།

    འདི་ནི་ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་གི་ལས་དོན་པས་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།

    པུ་རུན་ཏིའི་དཔལ་འབྱོར་རྒྱལ་ས་པུ་ཅུམ་པུ་རུ་ནས་རླངས་འཁོར་བཏང་སྟེ་ལྷོ་ཕྱོགས་སུ་ཆུ་ཚོད་གཉིས་ལྷག་ཙམ་བསྐྱོད་ན། ལུའུ་མོང་ཀའེ་ཞིང་ཆེན་དུ་གནས་པའི་ལུའུ་ཆི་པཱ་ཆི་གྲོང་ཚོར་འབྱོར་གྱི་ཡོད་ཅིང་། ལུའུ་ཆི་པཱ་ཆི་གཙང་པོ་གྲོང་ཚོ་དེ་བརྒྱུད་ནས་རྒྱུག་པའི་དབང་གིས་གྲོང་ཚོའི་མིང་ལའང་དེ་ལྟར་ཐོགས། ཆར་དུས་སྒང་ཡིན་པས། ཆུ་བོ་རྒྱས་ནས་ནུབ་ཕྱོགས་སུ་ལང་ལོང་རྒྱུག་བཞིན་ཡོད་པ་དང་། ཀྲུང་གོས་རོགས་སྐྲུན་བྱས་པའི་ཆུ་བོའི་སྨད་རྒྱུད་ཀྱི་ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་ནས་འཕྲུལ་ཆས་ཀྱི་འུར་སྒྲ་ཡང་ཡང་གྲགས་འོང་། ད་ལོའི་ཟླ་3པའི་བར། ཆུ་ཤུགས་གློག་ཁང་དེ་ནས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.5ལས་བརྒལ་ཏེ་རྒྱལ་ཁབ་དེའི་དུས་མཚུངས་ཀྱི་སྤྱིའི་གློག་གཏོང་ཚད་ཀྱི་20%ཡན་བཟུང་ཡོད་པ་རེད། ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་གཉེར་སྐྱོང་བདེ་བླག་བྱས་པ་དེས་པུ་རུན་ཏིའི་མི་དམངས་ལ་དེ་བས་བརྟན་པོ་དང་རྒྱུན་མཐུད་ཆོག་པའི་ནུས་རྒྱུ་མཁོ་སྤྲོད་ཐུབ་ཡོད།

    “ཁྱིམ་ཚང་ཚང་མར་མཚན་མོ་གློག་འོད་ཁྲ་ཆིལ་ལེར་སྤོར་རྒྱུ་བྱུང་ཡོད”

    2022ལོར་ལས་མཇུག་འགྲིལ་ཏེ་ཞིབ་བཤེར་རྩིས་ལེན་ཐུབ་ནས་བདེ་བླག་ངང་གློག་གཏོང་འགོ་ཚུགས་པའི་ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་ནི་པུ་རུན་ཏིའི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་ཤུགས་གློག་གཏོང་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། དེ་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་བཅུ་བཞི་པས་ཨར་སྐྲུན་འགན་གཙང་བླངས་པ་ཞིག་རེད། ཆུ་ཤུགས་གློག་ཁང་དེར་འཕྲུལ་འཁོར་རྐྱང་པ་ནས་གློག་གཏོང་ཚད་ཀྲའོ་ཝ་5ཟིན་པའི་གློག་གཏོང་འཕྲུལ་ཙུའུ་3སྒྲིག་སྦྱོར་བྱས་ཡོད་པ་དང་། གློག་གཏོང་འཕྲུལ་འཁོར་ཨ་མའི་གཞི་ཁྱོན་ཀྲའོ་ཝ་15ཟིན་གྱི་ཡོད་པ་རེད།

    དུས་ཡུན་རིང་པོར། གློག་དཀོན་པའི་གནད་དོན་གྱིས་པུ་རུན་ཏིའི་བཟོ་ལས་ཅན་གྱི་འཕེལ་རིམ་དང་དམངས་འཚོ་ལེགས་སུ་གཏོང་བར་ཚོད་འཛིན་ཚབས་ཆེན་བཟོ་གི་ཡོད། ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། ལོ་རེའི་ཆ་སྙོམས་ནུས་མཚུངས་བེད་སྤྱོད་ཆུ་ཚོད་6710ཟིན་ནས་པུ་ཅུམ་པུ་རུའི་མི་འབོར་2/3དང་ལུའུ་མོང་ཀའེ་ཞིང་ཆེན་གྱི་མི་འབོར་1/3གི་གློག་སྤྱོད་དགོས་མཁོ་བསྐངས་ཡོད་པ་རེད། གློག་ཤུགས་མཁོ་སྤྲོད་བརྟན་པོ་ཡོད་པར་བརྟེན། ས་གནས་དེ་གའི་བཟོ་ཚོང་ལས་རིགས་ཐེམ་དུད་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་གྲོང་མིའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

    ཆུ་ཤུགས་གློག་ཁང་གི་འཕྲུལ་ཁང་གི་ཕྱི་རོལ་དུ། ལོ་ན་བགྲེས་པའི་ཡུལ་མི་མཱ་ལུའུ་ཁཱ་ཡིས་གསར་འགོད་པར“དེ་སྔོན་ཡིན་ན། མཚན་མོ་སླེབས་རིམ་བཞིན་གྲོང་ཚོ་ཡོངས་ནག་ཐུམ་མེར་གནས་པ་དང་། ད་ཆ་ཁྱིམ་ཚང་ཚང་མར་མཚན་མོ་གློག་འོད་ཁྲ་ཆིལ་ལེར་སྤོར་རྒྱུ་བྱུང་ཡོད། ཚང་མའི་འཚོ་བ་རིམ་བཞིན་ཡག་ཏུ་འགྲོ་བཞིན་ཡོད། ང་ཚོར་ལྷག་བསམ་རྣམ་དག་གིས་རོགས་རམ་གནང་མཁན་ཀྲུང་གོའི་སྤུན་ཟླ་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

    “ཀྲུང་གོའི་ཁེ་ལས་ཀྱིས་ང་ལ་ལག་རྩལ་བསླབས་བྱུང”

    ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་གིས་ས་གནས་དེར་གློག་མཁོ་འདོན་བྱས་པ་མ་ཟད། ས་གནས་དེ་རང་གི་ལག་ཤེས་པ་ཁག་གཅིག་ཀྱང་གསོ་སྐྱོང་བྱས་ཡོད། གྲོས་མཐུན་ལ་གཞིགས་ན། རྣམ་གྲངས་ལེགས་གྲུབ་ཟིན་རྗེས་ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་མུ་མཐུད་དེ་ཉམས་བཟོའི་དུས་བཀག་ལོ་གཉིས་དང་ལག་རྩལ་གྱི་རྒྱབ་སྐྱོར་ལོ་གསུམ་བྱས་ནས། ཆུ་ཤུགས་གློག་ཁང་འཁོར་སྐྱོད་བརྟན་པོ་ཐུབ་པར་འགན་ལེན་བྱེད་པ་དང་ཆབས་ཅིག ས་གནས་དེ་གར་གློག་ཤུགས་ལག་རྩལ་པ་དེ་བས་མང་བ་གསོ་སྐྱོང་བྱེད་རོགས་བྱེད་ཀྱི་ཡོད་པ་རེད།

    ཨེ་ལི་ཁི་ཆུ་ཤུགས་གློག་ཁང་དུ་ལས་ཀར་ཞུགས་ནས་ལོ་ལྔ་ཙམ་སོང་ཞིང་། ཁོང་གིས། “ལག་ལེན་དངོས་སུ་སྦྱོང་བརྡར་རེ་རེ་བྱས་པ་བརྒྱུད། ངའི་ལག་རྩལ་ཉིན་རེ་བཞིན་བྱང་ཆུབ་ཏུ་སོང་ནས་ཆུ་ཤུགས་གློག་ཁང་གི་རྐང་འཛིན་པའི་གྲས་སུ་གྱུར་ཡོད། ལས་ཀ་འདི་རག་རྗེས་ངས་བཟའ་ཟླ་དང་ཕྲུ་གུ་བཞིར་ལྟ་སྐྱོང་ཡག་པོ་ཐུབ་པ་མ་ཟད། ཁྱིམ་གྱི་འཚོ་བའང་ཇེ་སྐྱིད་དུ་འགྲོ་བཞིན་ཡོད”ཅེས་བཤད།

    ཨེ་ལི་ཁི་དང་འདྲ་བར་གློག་དཔོན་རང་ཏོའོ་ཅི་ཡང་དེ་གའི་ལས་མི་རྙིང་པ་ཞིག་རེད། 2020ལོ་ཚུན་དུ། ཁོང་གིས་ཀྲུང་གོའི་དགེ་རྒན་དང་མཉམ་དུ་བཟོ་གྲྭ་ནས་རགས་ཆེན་བར་གྱི་སྤྱི་ལེ་9ཙམ་གྱི་ལམ་རྒྱུད་ཀྱི་གློག་ཤིང་ཚང་མར་འཛེགས་མྱོང་ཞིང་། ཁོང་གིས“ཀྲུང་གོའི་ཁེ་ལས་ཀྱིས་ང་ལ་ལག་རྩལ་བསླབས་བྱུང་ལ། ངའི་འབྱུང་འགྱུར་མདུན་ལམ་ལའང་འགན་སྲུང་དེ་བས་མང་བ་ཐོབ་བྱུང”ཞེས་བཤད།

    ཆུ་ཤུགས་གློག་ཁང་གི་གཉེར་སྐྱོང་ཉམས་བཟོའི་འགན་འཁུར་བ་ལིའུ་ཀང་གིས། “འཛུགས་སྐྲུན་བྱེད་རིང་ང་ཚོས་ས་གནས་དེ་གའི་བཟོ་པ་འབོར་ཆེན་གླས་པ་དེ་དག་གིས་ཨར་སྐྲུན་མི་འབོར་ཡོངས་ཀྱི་80%ཡན་བཟུང་ཡོད”ཅེས་བཤད་པ་དང་། རྣམ་གྲངས་ལ“ལས་ཀས་སྦྱོང་བརྡར་གྱི་ཚབ་བྱེད་པའི”རྣམ་པ་སྤྱད་དེ་པུ་རུན་ཏིའི་ལས་མི་བརྒྱ་ལྷག་ཙམ་ལ་སྒྲིག་ཆས་བཀོལ་སྤྱོད་དང་གློག་ཤུགས་ཉམས་བཟོ་སོགས་ཆེད་ལས་རྩལ་ནུས་ཁོང་དུ་ཆུད་རོགས་བྱས་ཡོད། ལས་མི་མི་ཉུང་བ་ཞིག་ལས་སྒོ་བྱང་ཆུབ་རྗེས། པུ་རུན་ཏིའི་ཅི་ཅི་དང་མུའུ་ལུན་པུའུ་ཝེ་ཆུ་ཤུགས་གློག་ཁང་སོགས་རྣམ་གྲངས་གསར་པར་བསྐྱོད་དེ། ས་གནས་དེ་གའི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡོད་ཅེས་ངོ་སྤྲོད་བྱས།

    “པུ་ཀྲུང་མི་དམངས་དབར་མཛའ་གཅུགས་གསེར་ཟམ་བསྐྲུན་ཡོད”

    ཆུ་ཤུགས་གློག་ཁང་གི་རགས་ཆེན་དུ་སྐྱོད་པའི་ལམ་རྒྱུད་དུ་ལི་ཐེང་ཟེར་བའི་ས་གནས་དེ་གའི་སློབ་གྲྭ་ཞིག་ཡོད། ཆུ་ཤུགས་གློག་ཁང་སྐྲུན་རིང་ཀྲུང་གོའི་ཁེ་ལས་ཀྱིས་སློབ་གྲྭ་དེ་གའི་སློབ་ཁང་ལོ་མང་རིང་ཉམས་གསོ་བྱས་མེད་པ་དང་སློབ་མར་ཡིག་ཆས་དཀོན་པ་སོགས་ཀྱི་གནས་ཚུལ་ཤེས་རྗེས། རང་འགུལ་ངང་སློབ་ཁང་ཞིག་གསོ་བྱས་པ་མ་ཟད། ཕྲུ་གུ་ཚོར་ཡིག་ཆས་ཀྱང་སྤྲད་པ་རེད།

    པུ་རུན་ཏིའི་ཆུ་བེད་དང་། ནུས་རྒྱུ། གཏེར་ལས་པུའུ་བཅས་ཀྱིས་ཐུགས་རྗེ་ལན་འབུལ་ཞུ་ཡིག་ནང“ཆུ་ཤུགས་གློག་ཁང་གི་རྣམ་གྲངས་གཉེར་རིང་ས་གནས་དེ་གའི་ལས་བཟོ་མང་པོ་གླས་པ་དེས་མཐའ་འཁོར་གྱི་ཡུལ་མིའི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་རྣམ་གྲངས་མཐའ་འཁོར་གྱི་སློབ་གྲྭ་ཞིག་གསོ་བྱས་པ་དང་སློབ་མ་ཚོར་ཡིག་ཆས་སྤྲད་ནས་ང་ཚོའི་སློབ་གསོར་ལེགས་སྐྱེས་ཕུལ་བ་མ་ཟད། དེ་བས་ཀྱང་པུ་ཀྲུང་མི་དམངས་དབར་མཛའ་གཅུགས་གསེར་ཟམ་བསྐྲུན་ཡོད”ཅེས་བྲིས་ཡོད་པ་རེད།

    པུ་རུན་ཏིའི《གསར་སྐྱེས་ཚགས་པར》ཐོག“ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་ནི་གློག་ཁང་ཙམ་མ་ཟད། པུ་རུན་ཏི་འོད་ཟེར་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་གོམ་པ་གལ་ཆེན་ཞིག་ཀྱང་རེད”ཅེས་དང་། ཆུ་ཤུགས་གློག་ཁང་དེ་བསྐྲུན་པ་ལས་ས་གནས་དེ་གའི་གློག་ཤུགས་མཁོ་སྤྲོད་གནས་ཚུལ་ལེགས་སུ་ཕྱིན་ཡོད་ལ། པུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་མཛའ་གྲོགས་ཟབ་མོའང་མཚོན་གྱི་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཁྱད་དུ་འཕགས་པའི་ལག་རྩལ་གྱི་སྟོབས་ཤུགས་དང་ཚད་མཐོའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས། རྣམ་གྲངས་སྐྲུན་རིང་དཀའ་ངལ་མང་པོ་ཁྱད་དུ་བསད་དེ། ལས་གྲྭའི་སྤུས་ཚད་ལ་འགན་ལེན་དང་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཀྲུང་གོའི་འགན་འཁྲི་འཁུར་སེམས་མངོན་ཡོད་ཅེས་གདེང་འཇོག་བྱས་ཡོད་པ་རེད།

    པུ་རུན་ཏིའི་ཙུང་ཐུང་ཨེན་ཏཱ་དབྱི་ཧྲི་སྨི་ཡེ་ཡིས། “ལུའུ་ཆི་པཱ་ཆི་ཆུ་ཤུགས་གློག་ཁང་དེ་པུ་རུན་ཏིའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་སུ་པུ་རུན་ཏི་དང་འདྲ་མཉམ་མཉམ་ལས་བྱས་པས། ཀྲུང་གོ་ནི་པུ་རུན་ཏིའི་བློས་འགེལ་ཆོག་པའི་ཟོལ་མེད་ཀྱི་གྲོགས་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ང་ཚོར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།