རང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ཧུའུ་པེ་དང་ཧུའུ་ནན་དུ་སྤེལ་རེས་སློབ་སྦྱོང་ལ་བསྐྱོད་རྒྱུ་ཡིན་པ།
ཟླ་5ཚེས་25ཉིན། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ཁག་ལྔ་པ་རྡོག་ཐོན་གྱི་མཛད་སྒོ་ལྷ་སར་འཚོགས་པ་རེད། ལྟ་སྐོར་ཚོགས་པ་ནི་ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་དང་། གཞི་རིམ་གྱི་ལས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་འཐུས་མི་སོགས་ལས་གྲུབ་ཅིང་། ཚོགས་པ་དེ་ཧུའུ་པེ་དང་ཧུའུ་ནན་ཞིང་ཆེན་གཉིས་སུ་བསྐྱོད་དེ་སྤེལ་རེས་སློབ་སྦྱོང་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལྟ་སྐོར་ཚོགས་པའི་བྱེད་སྒོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ནས། བརྗོད་དོན་གཙོ་བོའི་ནང་དོན་དང་། ལྟ་སྐོར་བྱེད་ས། ལམ་ཐིག་བཅས་བཀོད་སྒྲིག་བྱས་ཡོད། ལྟ་སྐོར་ཚོགས་པའི་ཁོངས་མིས་ཧུའུ་པེ་དང་ཧུའུ་ནན་ཞིང་ཆེན་གཉིས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱ་རྒྱུ་རེད།