བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་རྐྱང་ཞིག་ཕྱེ་བ།
—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་74འཁོར་བའི་མཚམས་སུ་བྲིས།
1951ལོའི་ཟླ་5ཚེས་23ཉིན། 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》(བསྡུས་མིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཟེར)ལ་མིང་རྟགས་བཀོད་པས་ཉེ་རབས་ཚུན་དུ་བོད་ཀྱི་མི་དམངས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་དམར་གསོད་ཀྱི་སྡུག་བསྔལ་ཚད་མེད་མྱངས་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད།
ཞི་བས་བཅིངས་འགྲོལ་བཏང་བ་འགོ་འཛུགས་སར་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག《གྲོས་མཐུན་དོན་ཚན་བཅུ་བདུན》ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གོང་བུ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་པ་རེད། དེའི་རྨང་གཞིའི་ཐོག་བོད་ཀྱིས་སྔ་རྗེས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་ནས་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བ་བཅས་རེད།
དུས་རབས་གསར་པར་སླེབས་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་དང་མེས་རྒྱལ་ས་ཕྱོགས་ཀུན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་བྱུང་ནས་རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འབུངས་ཡར་བརྩོན་དང་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།
བོད་གསར་པའི་འགོ་རྩོམ་ས།
གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ནས་རྒྱལ་རྩེ་རྫོང་བར་གྱི་ལམ་རྒྱུད་དུ་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལ་བཙན་འཛུལ་བྱེད་མྱོང་བའི་རྗེས་ཤུལ་ད་བར་ཉར་ཚགས་བྱས་ཡོད་པ་སྟེ། ཆུ་མིག་གཤོངས་ཀོའི་དབྱིན་འགོག་རྗེས་ཤུལ་དང་། རྒྱལ་རྩེའི་རྫོང་རིའི་དབྱིན་འགོག་རྗེས་ཤུལ། དབྱིན་དམག་གི་མདེལ་ཁུང་ཡོད་པའི་གྱང་རོ་སོགས་ཁུ་སིམ་མེར་གནས་པའི“བདེན་དཔང་བ”འདི་དག་ནི་ད་ཆ་བོད་ཀྱི་ཉེ་རབས་ལོ་རྒྱུས་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་ཡོད།
ལོ་26ལ་སླེབས་པའི་ཉི་མ་ལྷུན་གྲུབ་ཀྱིས་རྫོང་རིའི་དབྱིན་འགོག་རྗེས་ཤུལ་ལ་ལྟ་སྐོར་ཡོང་མཁན་ཚོར་ཉིན་ལྟར་ལོ་རྒྱུས་འགྲེལ་བཤད་རྒྱག་བཞིན་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་ལོ་རྒྱུས་རིག་པའི་ཆེད་ལས་ནས་ཐོན་པའི་སློབ་མ་ཞིག་ཡིན་པའི་ཁོང་ནི་ལོ་རྒྱུས་དེ་དག་ལ་རྒྱུས་མངའ་ཧ་ཅང་ཟབ་ཅིང་། ཁོང་གིས“དཀའ་སྡུག་གི་ལོ་རྒྱུས་དེ་ནི་བརྗེད་མི་རུང་། དུས་མཚམས་དེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ན་གཞི་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དུས་རབས་འབྱེད་པའི་དོན་སྙིང་རྟོགས་ཐུབ”ཅེས་བརྗོད།
1888ལོ་དང་1903ལོར། དབྱིན་ཇིས་སྔ་རྗེས་སུ་བོད་ལ་བཙན་འཛུལ་ཐེངས་གཉིས་བྱས་ཤིང་། བཙན་རྒྱལ་རིང་ལུགས་ཀྱི་སྲེག་གསོད་འཕྲོག་གསུམ་ལ་བོད་ཀྱི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་མཐར་ཕྱིན་པ་བྱས་ཡོད།
དབྱིན་ཇིའི་བཙན་འཛུལ་ལས་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་གཞན་དག་གིས་ཀྱང་བོད་ལ་བཙན་འཛུལ་བྱེད་འདོད་པའི་ཧམ་སེམས་ཆེ་རུ་ཕྱིན་ཏེ་བྱེད་སྟངས་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་ལས་དོན་ལ་ཐེ་ཇུས་བྱས། དུས་དེ་ནས་བཟུང་ས་གཞི་འདིར་དཀའ་སྡུག་དང་འཐབ་རྩོད་ཀྱིས་ཁེངས་པ་དང་ཆབས་ཅིག་བརྙས་བཅོས་མྱོང་གིན་རྨོངས་གཉིད་ལས་སད་དེ་མཐར་ཚེ་སྲོག་གསར་པའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཤིག་འགོ་ཚུགས།
མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་པ་ལས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གི་ཚེ་སྲོག་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ལས་དབང་དང་དམ་དུ་སྦྲེལ། རྒྱལ་ཡོངས་ས་གནས་ཁག་ཏུ་བཅིངས་འགྲོལ་བཏང་བ་དང་བསྟུན་ནས། བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་འབོད་སྒྲ་ཉིན་རེ་བཞིན་ཆེ་རུ་སོང་། 《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། 1950ལོའི་ལོ་འགོར། བོད་རིགས་ཞིང་འབྲོག་པ་དང་། གཞོན་ནུ། བུད་མེད། དམངས་གཙོའི་མི་སྣ་བཅས་ཀྱི་འཐུས་མི་བརྒྱ་གྲངས་བཅིངས་འགྲོལ་བཏང་མ་ཐག་པའི་ལན་གྲུར་འཛོམས་ནས་བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་རེ་བ་བཏོན་ཡོད་ཅེས་འཁོད་ཡོད།
མི་དམངས་ཀྱི་རེ་འབོད་དང་དུས་རབས་ཀྱི་ཁ་ཕྱོགས། ཆབ་མདོའི་གཡུལ་འགྱེད་རྗེས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་སྐོར་ལ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྲོས་མོལ་དངོས་སུ་བྱེད་འགོ་ཚུགས་ཤིང་། གྲོས་མོལ་ནན་ཏན་དང་བགྲོ་གླེང་གང་ལེགས་བྱས་པ་བརྒྱུད་མཐར་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གནད་དོན་རབ་དང་རིམ་པར་གྲོས་མཐུན་བྱུང་ནས་1951ལོའི་ཟླ་5ཚེས་23ཉིན་པེ་ཅིང་དུ《གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད།
ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་པོ་དེ་ལས་ས་མཐོའི་བུ་ཕྲུག་ཚོས་བྱེད་སྟངས་གསར་རྐྱང་གི་སྒོ་ནས་མི་ཚེའི་ནང་བཅིངས་འགྲོལ་ཞེས་པ་སེམས་ལ་ངེས་ཤིང་། དེ་བོད་རིགས་མང་ཚོགས་མང་པོའི་ཐུན་མོང་གི་མིང་ཞིག་ཏུ་གྱུར་པ་དང་། དེ་བཞིན་བོད་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་གྱི་ས་གཞིའི་སྟེང་འཁོད་པའི“བཅིངས་འགྲོལ་ལམ”དང“བཅིངས་འགྲོལ་སྡེ་ཁུལ”“བཅིངས་འགྲོལ་གྲོང་ཚོ”སོགས་གྲགས་ཆེ་བའི་ས་ཁམས་མཚོན་རྟགས་རེ་རེ་ནས་ལམ་འཚོལ་བར་ཁྲིད་སྟོན་བྱེད་བཞིན་ཡོད།
འཚོ་བ་གསར་པའི་རེ་སྒུག
དུས་རབས་གསར་པའི་བོད་དུ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་དང་། དཔལ་འབྱོར་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་དུལ། རིག་གནས་བྱ་གཞག་དར་རྒྱས་ཡར་ཐོན། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཉིན་བཞིན་བརྟན་དུ་སོང་བ། ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐེབས་པ་བཅས་བྱུང་སྟེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་སོང་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད།
ད་ཆའི་བོད་དུ་མི་དམངས་ཀྱི་འཚོ་གནས་དབང་ཆ་སྔར་བས་མཐོ་བའི་ཆུ་ཚད་དུ་སླེབས་ཡོད། 2024ལོར་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་129དོན་འཁྱོལ་བྱས་ནས་ནད་རིགས་བཞིར་རིན་མེད་སྐྱོབ་བཅོས་ཚུད་པའི་དམངས་འཚོའི་དོན་དག་ཁག་21ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་པ་དང་། འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ལས་བརྒལ་བ། ས་མཐོའི་ཐབ་ཆས་ཁྲི་112ཀྱིས་ཁྱིམ་ཚང་ཁྲི་སྟོང་ལ་ཕན་པ་ཐོབ་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་300གསར་དུ་བསྐྲུན་པ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཆ་ཚང་ཁྲི་3.95ལག་བསྟར་བྱས་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་བརྟན་དུ་བཏང་བ་བཅས་བྱས་ཡོད།
ད་ཆའི་བོད་དུ་མི་དམངས་ཀྱི་འཕེལ་རྒྱས་གཏོང་དབང་ཚང་མས་མཉམ་སྤྱོད་ཐུབ་ཡོད། 2024ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2764.94ཟིན་ཡོད། རྒྱང་རིང་ལ་བལྟས་ཚེ། དེང་རབས་ཅན་གྱི་གྲོང་ཁྱེར་རེ་རེས་ས་མཐོའི་ཡུལ་ལུང་མཛེས་པར་བརྒྱན་ཞིང་། མཚོ་བོད་དང་ཁྲོན་བོད་སོགས་གློག་ཤུགས་དྲ་འབྲེལ་འདུ་འགོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ལ་བཀྲག་མདངས་འཚེར་བ་དང་། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བས་བོད་དང་འཛམ་གླིང་དབར་འབྲེལ་མཐུད་དམ་ཟབ་བྱས་ཡོད།
ད་ཆའི་བོད་དུ་སློབ་གསོ་ཐོབ་དབང་འགན་སྲུང་སྔར་བས་གང་ལེགས་བྱུང་ཡོད། 2024ལོའི་བར་བོད་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3618ཡོད་པ་དང་། དགེ་རྒན་དང་ལས་བཟོ་ཁྲི་9.66ཡོད་པ། སློབ་གྲྭ་འགྲིམ་མུས་ཀྱི་སློབ་མའི་བསྡོམས་འབོར་ཁྲི་97ཟིན་ནས་བོད་ཀྱི་སྤྱིའི་མི་འབོར་གྱི་25%ལས་བརྒལ་ཡོད་པ་རེད།
ད་ཆའི་བོད་དུ་མི་དམངས་ཀྱི་བདེ་ཐང་ཁེ་དབང་འགན་སྲུང་སྔར་བས་དོ་མཉམ་བྱུང་ཡོད། 2024ལོའི་བར་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་བསྡོམས་འབོར་7231དང་། ཉལ་ཁྲི་21551 འཕྲོད་བསྟེན་ལག་རྩལ་པ་29379བཅས་ཟིན་ནས་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་ཡོད།
དུས་རབས་གསར་པའི་ལས་འགན།
ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཡོད།
བོད་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ཞིང་། བོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།
དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། བོད་ཀྱིས་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་དང་། ཕན་སྐྱེད་མ་འཇོག་རྒྱུན་མཐུད་རྒྱ་ཆེར་གཏོང་བ། ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་པས། མིག་སྔར་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ཞིང་། བོད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནན་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བཏོད་ཡོད། མིག་སྔར་ས་ཁུལ(གྲོང་ཁྱེར)7དང་རྫོང(ཆུས)11གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། བོད་འདི་ཉིད་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཏོད་ཅིང་། མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་བོད་ཀྱིས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་སྐྲུན་མགྱོགས་སུ་བཏང་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་མ་ཟད། མཐའ་དར་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཐོན་ལས་འཕེལ་རྒྱས་བཏང་བ། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་བ་བཅས་བརྒྱུད། མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཕྱུག་ཏུ་དང་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་74འཁོར་བའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་སྔར་བས་གསལ་པོ་མངོན་ཐུབ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་ཐོག་ས་མཐོའི་བུ་ཕྲུག་ཁྲི་ཚོ་300ལྷག་ཙམ་གྱིས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་དུས་རབས་གསར་པའི་ཡར་ཐོན་གྱི་ལེའུ་ཧུར་ཐག་རྩོམ་བཞིན་ཡོད།