དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གླེང་སྟེགས་དབྱང་ལིང་ཡན་ལག་གླེང་སྟེགས་འཚོགས་པ།

    ཞིང་ལས་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་ཐབས་ལམ་མཉམ་དུ་འཚོལ་ཞིབ་བྱེད་པ།

  •     རྩོམ་པ་པོ།  ཀྲང་ཏན་ཧྭ།   |     སྤེལ་དུས།  2025-05-27

    ཉེ་ཆར། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གླེང་སྟེགས་དབྱང་ལིང་ཡན་ལག་གླེང་སྟེགས་ཧྲའན་ཤིས་དབྱང་ལིང་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ(གཤམ་དུ“དབྱང་ལིང་དཔེ་སྟོན་ཁུལ”ཞེས་བསྡུ་རྒྱུ)དུ་འཚོགས་པ་རེད། ཡན་ལག་གླེང་སྟེགས་ཀྱིས“ཞིང་ལས་ཚན་རྩལ་གསར་གཏོད་གྲུབ་འབྲས་མཉམ་སྤྱོད་བྱས་ནས་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མཉམ་ལས་མཉམ་དུ་ཇུས་འགོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི་སོགས་མཉམ་དུ་འཛོམས་ནས་ཞིང་ལས་ཚན་རྩལ་གསར་གཏོད་ཀྱིས་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐབས་ལམ་གསར་པ་དང་གོ་སྐབས་གསར་པར་མཉམ་དུ་འཚོལ་ཞིབ་དང་གྲོས་བསྡུར་བྱས་པ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡན་ལག་གླེང་སྟེགས་གཙོ་གཉེར་བྱས་པ་རེད།

    ཞིང་ལས་ཚན་རྩལ་གསར་གཏོད་དང་དབུལ་པོ་ཉུང་གཏོང་གི་ལག་ལེན་ཐད་ཞིང་ལས་ཞིང་ཆེན་ཆེན་པོ་དང་ཚན་རིག་སློབ་གསོའི་ཞིང་ཆེན་ཆེན་པོ་ཡིན་པའི་ཧྲའན་ཤིས་ཞིང་ཆེན་གྱིས་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས་དབྱང་ལིང་སོན་ལས་གསར་གཏོད་ལྟེ་གནས་དང་། དབྱང་ལིང་བློ་རིག་ཞིང་ལས་དཔེ་སྟོན་གླིང་། ཝུའུ་ཆོན་གྲོང་རྡལ་ཝང་ཧྲང་གྲོང་ཚོ། དབྱང་ལིང་རྒྱལ་སྤྱིའི་ཁམ་བུ་སྨི་ཧོའུ་ཐའོ་གསར་གཏོད་ལས་གཏོད་གླིང་སོགས་ལ་བཅར་འདྲི་བྱས་པ་རེད།

    དབྱང་ལིང་སོན་ལས་གསར་གཏོད་ལྟེ་གནས་ཀྱི་འགྲེམས་ཁང་དུ་གྲོ་དང་མ་རྨོས་ལོ་ཏོག་སོགས་སོན་གསོའི་གྲུབ་འབྲས་སྣ་ཚོགས་ལས་ལྟ་སྐོར་བ་ཚོའི་ཡིད་དབང་བཀུག་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། དབྱང་ལིང་དཔེ་སྟོན་ཁུལ་བཙུགས་པ་ནས་བཟུང་། སྲོག་ཆགས་ཀྱི་རྒྱུད་པ་དང་སྐྱེ་དངོས་ཀྱི་སོན་བཟང་སྣ་ཁ་གསར་པ་ཁྱོན་1300ལྷག་ཙམ་ཞིབ་བཤེར་གཏན་འཁེལ་བྱས་པ་དང་གྲོ་སོན་འདེབས་གསོ་རྒྱལ་ནང་ནས་ཨང་དང་པོ་ཡིན་པ་རེད། ཉེ་བའི་ལོ་ལྔའི་ནང་ཚན་རྩལ་གྲུབ་འབྲས་དང་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་5000ལྷག་ཙམ་གསར་དུ་འཕར་བ་དང་ཆ་སྙོམས་ལོ་ལྟར་སྲོག་ཆགས་ཀྱི་རྒྱུད་པ་དང་སྐྱེ་དངོས་ཀྱི་སོན་བཟང་སྣ་ཁ་གསར་པ་110ལྷག་ཙམ་ཞིབ་གཏན་འཁེལ་ནས་ཐོ་འགོད་བྱས་ཡོད། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་སོན་གསོ་རིགས་གཅིག་མཁས་ཅན་ཅི་ཝན་ཆོན་གྱིས། 2021ལོར་བཙུགས་པའི་དབྱང་ལིང་སོན་ལས་གསར་གཏོད་ལྟེ་གནས་ཀྱིས་ཐན་ཁུལ་གྱི“སོན་ལས་གཅིག་འདུས་ཁུལ”ཧུར་ཐག་བསྐྲུན་པ་དང་། “ད་ཆ‘དབྱང་ལིང་གཞི་རྒྱུ”ལྡན་པའི་སྤུས་ལེགས་སོན་བཟང་མང་པོ་ཞིག་ཧ་སག་སི་ཐན་དང་ཁེར་གྷི་སི་ཐན་སོགས་རྒྱལ་ཁབ་ཀྱི་ཡངས་པའི་ཞིང་ནང་དུ་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ནས་འབྲས་བུ་སྨིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཞིང་ལས་ལག་རྩལ་སྤེལ་རེས་གསོ་སྦྱོང་དཔེ་སྟོན་རྟེན་གཞི་ཡིན་པའི་དབྱང་ལིང་དཔེ་སྟོན་ཁུལ་ལ་ཉེ་བའི་ལོ་ཤས་རིང་ཞིང་ལས་ཚན་རྩལ་མཉམ་ལས་དང་། ཤེས་ལྡན་པ་གསོ་སྐྱོང་། ལག་རྩལ་ཁྱབ་གདལ་སོགས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་བྱ་གཞག་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    མཉམ་སྤྱོད་ཀྱི་ལྷུ་ཚིགས་སུ་ཁེར་གྷི་སི་ཐན་གྱི་ཆུ་བེད་དང་། ཞིང་ལས། ལས་སྣོན་བཟོ་ལས་པུའི་པུའུ་ཀྲང་གཞོན་པ་དང་པོ་ཁེ་ལི་མ་ལི་ཡེ་ཧྥུའུ་ཡིས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྒྱལ་ནང་གི་གཏིང་ཤུགས་འདོན་དགོས་ལ། རྒྱལ་སྤྱི་དང་མཉམ་ལས་ཀྱང་ཧུར་ཐག་བྱེད་དགོས། “ཀྲུང་གོ་ནི་ཁེར་གྷི་སི་ཐན་གྱི་ཚོང་དོན་དང་དཔལ་འབྱོར་གྱི་རོགས་ཟླ་གལ་ཆེན་ཞིག་ཡིན། ང་ཚོས་ཀྲུང་གོ་ཕྱོགས་དང་ཞིང་ལས་ལག་རྩལ་དང་། ཞིང་ལས་ཐོན་རྫས་ཕྱིར་གཏོང་ཟོག་འགྲེམས། ཤེས་ལྡན་པ་གསོ་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་བར་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་ཕྱིན་པ་མ་ཟད། ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་ཡང་ཕན་པ་ཐོགས་པའི”ངོས་འཛིན་བྱེད་ཀྱི་ཡོད།

    2023ལོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་དམིགས་བསལ་ལས་དོན་ཚོགས་ཆུང་བཙུགས་པ་དེ་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལམ་སྲོལ་ཅན་དུ་གྱུར་པ་མཚོན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་ཀྲན་ནེ་ཧྲི·ཁའེ་ཨེན་གྱིས“ལམ་སྲོལ་དེ་བཙུགས་ནས་དུས་ཚོད་རིང་པོ་སོང་མེད་ཀྱང་དེའི་དོན་སྙིང་དངོས་མངོན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལས་སྟེགས་སྔར་བས་སྲ་བརྟན་དུ་བཏང་ནས་རྩ་འཛུགས་འདིའི་ཁོངས་མིའི་རྒྱལ་ཁབ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།