2025ལོའི“ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཡུལ་སྐོར་ལོ” ཕ་ནོམ་ཕེན་དུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉིན་ཤས་གོང་། 2025ལོའི“ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོ་དང“ཆུ་ཡིས་བརྒྱན་པའི་ཅང་སུའུ། རྣམ་པར་བཀྲ་བའོ་ཀའོ་མེན”ཞེས་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་བྱས་པ་རེད།
ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་རྒྱལ་སྲིད་ལས་ཁུངས་གཞུང་དོན་ཐིང་གི་བློན་ཆེན་གཅིག་ལྕོགས་ཝུང་སའེ་ཝུའེ་སོ་ཡིས་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ཡི་དམིགས་བསལ་འཐུས་མིའི་ངོས་ནས་བྱེད་སྒོར་ཞུགས་པ་དང་། ཁམ་ཕུ་ཁྲེའི་ཡུལ་སྐོར་པུའི་བློན་ཆེན་ཧུའུ་ཧ་དང་། ཁམ་ཕུ་ཁྲེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབང་ཝུན་པིན། ཀྲུང་གོའི་ཅང་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པ། དེ་བཞིན་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་རིགས་ཁག་གི་འཐུས་མི་བཅས་ཞུགས་ཡོད་པ་རེད།
ཝུང་སའེ་ཝུའེ་སོ་ཡིས་ཤིས་ཚིག་སྒྲོན་སྐབས། ཁམ་ཕུ་ཁྲེ་སྲིད་གཞུང་གིས་ཡུལ་སྐོར་ལས་རིགས་དེ་ལྗང་མདོག་ཐོན་ལས་གལ་ཆེན་དུ་བརྩིས་ནས་རྒྱལ་དམངས་དཔལ་འབྱོར་འཕར་བར་ཡུལ་སྐོར་ལས་རིགས་ཀྱིས་རམ་འདེགས་བྱེད་པའི་འགག་རྩའི་ནུས་པ་འདོན་རྒྱུ་མ་ཟད། 2050ལོར་ཁམ་ཕུ་ཁྲེ་ཡོང་འབབ་མང་བའི་རྒྱལ་ཁབ་ཏུ་འགྱུར་བའི་འདུན་པ་མངོན་འགྱུར་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད།
དབང་ཝུན་པིན་གྱིས“ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཡུལ་སྐོར་ལོ”གཉེར་བ་དེས་ཀྲུང་གོའི་ཡུལ་སྐོར་བ་ཁམ་ཕུ་ཁྲེར་ཡུལ་སྐོར་ལ་སྐྱོད་པར་སྟབས་བདེ་དེ་བས་མང་བ་བསྐྲུན་རྒྱུ་ཡིན་པས། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་ལས་རིགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་དབར་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུའི་གྲངས་འབོར་མང་དུ་གཏོང་རྒྱུར་སྐུལ་འདེད་དང་ཀྲུང་གོའི་ཡུལ་སྐོར་བར་དམིགས་པའི་སྐུལ་ལྕག་བྱེད་ཐབས་དེ་བས་མང་བ་བཏོན་ནས་ཀྲུང་གོའི་ཡུལ་སྐོར་བ་ཁམ་ཕུ་ཁྲེར་ཡུལ་སྐོར་ལ་སྐྱོད་པར་དེ་བས་སྟབས་བདེ་དང་། དེ་བས་བདེ་འཇགས། དེ་བས་སྐྱིད་སྣང་དོད་པོ་བཅས་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད།