མཛའ་མཐུན་ལྷག་བསམ་ཕན་སྦྱར་ཁོང་ཡངས་ཀྱི་ཕྱི་འབྲེལ་འདུ་ཤེས་ལས་རྒྱལ་ཁབ་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གྲུབ།
2023ལོའི་ཟླ་5པར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་བདག་ཤིས་ཨན་དུ་འཛོམས་ནས་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་རེད། འདི་ལོའི་ཟླ་6པར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་དུས་བཀག་ལྟར་འཚོག་རྒྱུ་ཡིན་པ་དང་སྐབས་དེར་རྒྱལ་ཁབ་དྲུག་གི་འགོ་ཁྲིད་པ་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་འཛོམས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
དུས་རབས་གསར་པར་སླེབས་ཚུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འཕེལ་ཕྱོགས་ཆེན་པོ་དང་ས་ཁུལ་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་གནང་ནས་མཛའ་མཐུན་ལྷག་བསམ་ཕན་སྦྱར་ཁོང་ཡངས་ཀྱི་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་གནང་བ་དང་། ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དབར་གྱི་ཁྱིམ་མཚེས་མཛའ་མཐུན་དང་། མཉམ་ལས་མཉམ་ཁེ། མཉམ་འདྲེས་མཉམ་གནས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་མཐའ་འཁོར་གྱི་ཕྱི་འབྲེལ་རྣམ་པ་གསར་པ་བཏོད་གནང་བས། ཀྲུང་གོ་དང་ནུབ་བྱང་གི་ཁྱིམ་མཚེས་གཙོ་བོ་ཡིན་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད།
ཧ་སག་སི་ཐན་ནི་ཀྲུང་གོའི་ཨེ་ཤེ་ཡ་དབུས་མའི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། རྒྱལ་ཁབ་གཉིས་རི་ཆུ་འབྲེལ་བ་དང་ལས་དབང་གཅིག་མཐུན་ཡིན་པས། ཁྱིམ་མཚེས་བཟང་པོ་དང་། རོགས་ཟླ་བཟང་པོ། གྲོགས་པོ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་ཐེངས་ལྔ་གནང་བ་དང་། 2013ལོར་ཧ་སག་སི་ཐན་གྱི་ན་ཀྲར་པ་ཡེ་ཧྥུའུ་སློབ་ཆེན་དུ་གསུང་བཤད་གནང་སྐབས“དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཁོངས”ཀྱི་གྲོས་འགོ་ཐེངས་དང་པོར་བཏོན་གནང་བ་དང་། 2022ལོར་ཧ་སག་སི་ཐན་དེ་ཏོག་གསར་རིམས་ནད་རྗེས་ཀྱི་འཚམས་འདྲི་བྱ་ཡུལ་དང་པོར་བརྩིས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་མཆོངས་སྐྱོད་རྣམ་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་གནང་བ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར“སྔོན་སྤེལ་དཔེ་སྟོན་ཁུལ”3འཛུགས་རྒྱུའི་སྣེ་ཁྲིད་གནང་བ་བཅས་རེད།
ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་ཚོ་འདུས་ཀྱི་སྔོན་སྤེལ་དཔེ་སྟོན་ཁུལ་བཙུགས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་འདྲ་མཉམ་གྲོས་མོལ་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་བཟོད་སྒོམ་གྱི་རྩ་དོན་གཞིར་བཟུང་། སྤྱི་ལེ་3300ལྷག་ཙམ་གྱི་མཐའ་མཚམས་དབྱེ་བ་གསལ་པོ་ཕྱེ་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱིས་ལོ་རྒྱུས་ཐོག་ལུས་པའི་མཐའ་མཚམས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་མཐར་ཕྱིན་བྱས་པ་དང་། ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག་ལ་མིང་རྟགས་བཀོད་པ་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ། ཡུན་གཏན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཅས་འཛུགས་པའི་བར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མཆོངས་སྐྱོད་རྣམ་པའི་འཕེལ་རྒྱས་ཕྱིན་ནས་སྤྱིའི་ཆ་ནས་ལོ་བཅུ་རེར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། མིག་སྔར་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཚང་མ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་ཧ་སག་སི་ཐན་དང་ཐུན་མོང་མ་ཡིན་པའི་ཡུན་གཏན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྔོན་སྤེལ་དཔེ་སྟོན་ཁུལ་བཙུགས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཚང་མས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ནས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཚད་ཤིང་བཙུགས་ཡོད། ཧ་སག་སི་ཐན་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཐོག་མར་དར་སྤེལ་གཏོང་ཡུལ་དང་ཀྲུང་གོའི་ནུབ་ཕྱོགས་རྒྱལ་ཁབ་ཐོག་མ་དེ་ཡིན་པས། མཉམ་ལས་འགོ་ཚུགས་སྔ་བ་དང་། རྨང་གཞི་བརྟན་པ། གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་མདོང་ལམ་གསུམ་གཤིབ་མ་དེ་ཀྲུང་གོའི་རང་བྱུང་སོལ་རླངས་སྐམ་ས་ནས་ནང་འདྲེན་བྱེད་པའི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཧ་སག་སི་ཐན་ནི་ཀྲུང་གོ་དང་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་འགོད་མི་དགོས་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་པོར་གྱུར་ཡོད། རྒྱལ་སྒྲོལ་ཐོངས་མཆན་འགོད་མི་དགོས་པ་ལག་བསྟར་བྱས་ནས་ལོ་གཅིག་ལྷག་ཙམ་སོང་རིང་། ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་བྱེད་པའི་གྲངས་འབོར་ལྡབ་འཕར་བྱུང་ཡོད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི་སྔོན་སྤེལ་དཔེ་སྟོན་ཁུལ་བཙུགས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་རང་སོ་སོས་བདམས་པའི་འཕེལ་རྒྱས་འགྲོ་ལམ་ལ་ཕན་ཚུན་བརྩི་འཇོག་དང་། རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་སོགས་དང་འབྲེལ་བ་ཡོད་པའི་ལྟེ་བའི་ཁེ་ཕན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར། ཕྱིའི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བཅས་བྱས་ནས་ལས་དབང་གཅིག་མཐུན་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱིས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དང་། ཚད་མཐོའི་ཡིད་ཆེས། བདེ་སྡུག་མཉམ་མྱོང་། དར་རྒྱས་མཉམ་སྤྱོད་བཅས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་གཞན་དག་གིས་ཀྱང་ནང་དོན་མི་འདྲ་བའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་བཞིན་ཡོད།
ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་བཏང་ནས་ཕན་ཚུན་འཐབ་ཇུས་ཀྱི་འདེགས་སྐྱོར་བྱས་ཤིང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་དང་། རྒྱལ་ཁབ་ཁག་གི་འཕེལ་རྒྱས་འགྲོ་ལམ་གྱི་གདམ་གར་བརྩི་འཇོག ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་གཞི་ཚུགས་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་བརྟན་པོ། ཐུན་མོང་ཐོག་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བཅས་བྱས་ནས་ཆབ་སྲིད་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།
ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཅིང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ཨེ་ཤེ་ཡ་དབུས་མར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མཉམ་རོགས་རྣམ་པའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང“དེང་རབས་ཅན་གྱི་འགྲོ་ལམ་ཐོག་གི་ལམ་གྲོགས”བྱས་ཡོད།
དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ནས་དམངས་འདོད་མཐུན་པའི་རྨང་གཞི་བརྟན་པོ་བཙུགས་ཤིང་། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་རིག་གནས་ཡུལ་སྐོར་དང་གཞོན་ནུའི་དབར་གྱི་སྤེལ་རེས། དེ་བཞིན་ཚན་རྩལ་དང་སློབ་གསོའི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
(རྩོམ་པ་པོ་ནི་ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)