རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ལི་ཡོན།
མི་སེར་གྱི་མིག་ནང་གི“སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་རྩེ་གྲ”
“འགྲུལ་པར་སེམས་རྩ་འཁོལ་བ་དང་། ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་པ། ལྟ་རྟོག་ཞིབ་ཚགས་བྱེད་པ། བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བ”གཞིས་རྩེ་གོ་ཡིའུ་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་འགན་འཁྲི་ཀུང་སིའི་ཁ་ལོ་བ་ལི་ཡོན་གྱིས་ཞབས་ཞུའི་ཚད་གཞི་དེ་དག་ལ་བརྟེན་ནས་འགྲུལ་པར་ལྷག་བསམ་ཟོལ་མེད་ཀྱིས་སྣེ་ལེན་ཞུ་བ་དང་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་པས། གཞིས་རྩེའི“སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་རྩེ་གྲ”ཞིག་ཏུ་གྱུར་ཡོད།
འགྲུལ་པ་སྐྱེལ་ཐེངས་རེར་རང་འགན་གཙང་སྒྲུབ་བྱེད་པ།
གཞིས་རྩེའི་སྤྱི་སྤྱོད་རླངས་འཁོར་ལམ་ཨང་ལྔ་པའི་འགོ་ཚུགས་ས་ཚིགས་ནི་གྲོང་ཁྱེར་ཤར་འདབས་ཀྱི་རླངས་འཁོར་གྱི་ས་ཚིགས་ཨ་མ་དང་མཐའ་ཚུགས་ནི་ནུབ་འདབས་ཀྱི་ཞིང་ཞོར་ཁྲོམ་ར་ཡིན་པར་ཁྱོན་བབས་ཚུགས་19ཡོད་པ་དེ་དག་གིས་གཞིས་རྩེ་གྲོང་ཁྱེར་འཕྲེད་བཅད་བཏང་ཡོད། ལི་ཡོན་གྱིས་སྤྱི་སྤྱོད་རླངས་འཁོར་ལམ་ཨང་ལྔ་པར་བཏང་ནས་ཉིན་ལྟར་ཆ་རྒྱུས་ཆེ་བའི་ཁྲོམ་གཞུང་དུ་བསྐྱོད་པར་ཆ་སྙོམས་སྐར་མ་45འགོར་བ་དང་། ཉིན་རེར་ཐེངས་དྲུག་སྐྱོད་ཀྱི་ཡོད། རང་ཉིད་ཀྱི་བྱང་ཆུབ་པའི་ཁ་ལོ་བའི་ལག་རྩལ་ལ་བརྟེན་ནས་ལྷོ་ནས་བྱང་དུ་འགྲུལ་བཞུད་བྱེད་མཁན་བདེ་འཇགས་ངང་བསུ་སྐྱེལ་བྱས་ཏེ་ད་བར་འགྲིམ་འགྲུལ་དོན་རྐྱེན་དང་འགྲིམ་འགྲུལ་སྒྲིག་འགལ་གྱི་གནད་དོན་གཅིག་ཀྱང་ཐོན་མེད་ལ། ཞུ་གཏུག་རྒྱག་མཁན་གཅིག་ཀྱང་བྱུང་མྱོང་མེད། དེའི་ཐད་ལི་ཡོན་གྱིས“སྤོབས་པ་བྱེད་དགོས་དོན་མི་འདུག དུས་རྒྱུན་དུ་དོ་དོ་ནན་ནན་བྱས་ན་སྣང་དག་མི་འདུག འགྲུལ་པ་སྐྱེལ་ཐེངས་རེར་རང་འགན་གཙང་སྒྲུབ་བྱེད་ཀྱི་ཡོད”ཅེས་བཤད།
“འགྲུལ་པ་བློ་ཡིད་ཚིམ་པ་བྱེད་རྒྱུ་ནི་ངའི་དོན་གཉེར་བྱེད་ས་ཡིན”
སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པའི་ངོས་ནས། འགྲུལ་པའི་མདུན་དུ་སྤྱི་སྤྱོད་རླངས་འཁོར་གྱི་གཟུགས་བརྙན་མཚོན་པ་དང་། ས་ཆ་གཞན་གྱི་མིའི་མདུན་དུ་གཞིས་རྩེའི་གཟུགས་བརྙན་མཚོན་པ། ཕྱི་རྒྱལ་བའི་མདུན་དུ་རྒྱལ་ཁབ་ཀྱི་གཟུགས་བརྙན་མཚོན་པ་བཅས་ནི་ལི་ཡོན་གྱི་སེམས་གཏིང་དུ་བརྐོས་པའི་རྩ་དོན་ཞིག་རེད། ཁོང་གིས་རྟག་ཏུ“འགྲུལ་པ་བློ་ཡིད་ཚིམ་པ་བྱེད་རྒྱུ་ནི་ངའི་དོན་གཉེར་བྱེད་ས་ཡིན”ཞེས་ཤོད་ཀྱི་ཡོད། དུས་གང་ཞིག་ཡིན་རུང་ཁོང་གིས་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ནས་རྒྱ་ལམ་འགྲུལ་པ་ཚོར་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱེད་ཀྱི་ཡོད།
སྤྱི་སྤྱོད་རླངས་འཁོར་ལམ་ལྔ་པའི་ས་ཚིགས་གཅིག་ནི་བཀྲ་ཤིས་ལྷུན་པོ་དགོན་ཡིན་པ་དང་འདི་གར་འབབ་མཁན་དང་འཛུལ་མཁན་ཡུལ་སྐོར་བ་མང་པོ་ཡོད། ཐེངས་ཤིག་ཡུལ་སྐོར་བ་ཞིག་གི་ལག་ཐོགས་ཁ་པར་ལ་གློག་མེད་པར་བརྟེན་ལི་ཡོན་ལ་གློག་གསོག་རོགས་ཞེས་བཤད། འོན་ཀྱང་ཁོ་པ་རླངས་འཁོར་ནས་འབབ་དུས་ཁ་པར་རླངས་འཁོར་ནང་ལུས་པ་རེད། ལི་ཡོན་གྱིས་དེ་ཤེས་རྗེས་ཐབས་ཤེས་མེད་པར་ཁ་པར་ཀུང་སིར་ཁྱེར་ནས་བཀོད་གཏོང་མི་སྣར་སྤྲད་པ་མ་ཟད། “ཁ་པར་བསླེབས་ཚེ་ངེས་པར་དུ་མྱུར་དུ་ལེན་དགོས། འགྲུལ་པ་དེ་དངངས་སྐྲག་སྐྱེ་ངེས་རེད”ཅེས་མངགས་བྱ་བྱས། ཅུང་ཙམ་སོང་རྗེས། ཡུལ་སྐོར་བའི་ཁ་པར་བསླེབས་པ་དང་། ཁོང་གིས་ཡུལ་སྐོར་བར་སྤྱི་སྤྱོད་རླངས་འཁོར་བསྡད་ནས་ཀུང་སིའི་བཀོད་གཏོང་ཁང་དུ་ཁ་པར་ལེན་པར་ཡོང་བའི་མངགས་བྱ་བྱས། “ང་ཚོས་བལྟས་ན་འདི་དག་ཚང་མ་དོན་ཆུང་ཡིན་མོད། འོན་ཀྱང་ཡུལ་སྐོར་བར་མཚོན་ན་དེ་ནི་བྱ་བ་ཆེན་པོ་ཞིག་རེད”ཅེས་ལི་ཡོན་གྱིས་དགོད་བཞིན་བཤད།
“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ཞིག་བརྩོན་ལེན་བྱ་རྒྱུ་ཡིན”
ལི་ཡོན་ནི་ཧོ་ནན་ཀྲེང་ཀྲོའུ་ནས་ཡིན། 2021ལོར་བོད་སྐྱོར་ཁ་ལོ་བའི་མིང་ཐོག་ནས་གཞིས་རྩེའི་ཀུང་སིར་ཐོག་མར་ཡོང་བའི་སྐབས་སུ་ཁོང་ལ་དཀའ་ངལ་མང་པོ་འཕྲད།
ས་མཐོར་ཐོག་མར་སླེབས་སྐབས་གསོ་རླུང་མི་འདང་བ་དང་། མགོ་ན་བ། སྣ་ཁྲག་རྒྱག་པ་སོགས་ནི་རྒྱུན་ལྡན་ཞིག་ཡིན་པས། སྨན་བཏང་ནས་སྡུག་རུས་བྱེད་པ་ལས་མ་འདས། གཟའ་འཁོར་གཅིག་སོང་རྗེས་ལི་ཡོན་གཞི་ནས་གོམས་ཙམ་བྱུང་། ལས་གནས་སུ་ཞུགས་རྗེས་ཁོང་གིས་གོ་ཐུབ་པའི་བོད་སྐད་ཚིག་དང་པོ་ནི་འགྲུལ་པས་རྒྱུན་དུ་བརྗོད་པའི“བཀྲ་ཤིས་བདེ་ལེགས”ཞེས་པའི་ཐ་སྙད་དེ་རེད། ས་གནས་དེ་གའི་མང་ཚོགས་ཀྱི་བབ་ཆགས་དང་སེམས་བཟང་གིས་ཁོང་ལ་གློ་བུར་དུ་སེམས་འགུལ་ཚད་མེད་ཐེབས་པས། དུས་དེ་ནས་བཟུང་ཁོང་གིས་རང་འགུལ་ངང་བོད་སྐད་སློབ་སྦྱོང་བྱེད་འགོ་བརྩམས། དེ་ལྟར་ལོ་གཅིག་གི་བོད་སྐྱོར་དུས་ཡུན་ཐིམ་ཡང་ཁོང་གིས་ཀུང་སིར་བོད་དུ་ཡུན་རིང་སྡོད་རྒྱུའི་རེ་ཞུ་བྱས།
2021ལོའི་ལོ་མཇུག་ཏུ་བོད་དུ་ལས་ཀར་སླེབས་ཀྱང་། 2022ལོར་ལི་ཡོན་ལ་ཀུང་སིའི“ཕུལ་བྱུང་གི་རླངས་འཁོར་འགོ་འཛིན”གྱི་མཚན་སྙན་ཐོབ་པ་དང་། 2023ལོར་རྒྱལ་ཡོངས་གྱི“སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་རྩེ་གྲ”ཡི་མཚན་སྙན་ཐོབ་པ། 2024ལོར“བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་པ། 2025ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་ཐོབ་ཡོད།
སླད་ཕྱིན་གྱི་དམིགས་ཚད་སྐོར་གླེང་སྐབས་ལི་ཡོན་གྱིས། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ནི་རང་ཉིད་ཀྱི་མིག་དཔེ་ཡིན། མི་རིགས་56ནི་ཁྱིམ་ཚང་གཅིག་ལྟར་ཡིན། ངས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་གི་འགྲུལ་པར་ཞབས་འདེགས་ཞུས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་བརྩོན་ལེན་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།