དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལས་དར་གྱི་ས་རྒྱུ་གཤིན་པོར་དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་རབ་ཏུ་འཕེལ།

    མངའ་རིས་ས་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-26

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། སྤེལ་རེས་མཉམ་ལས་སོགས་ཕྱོགས་མང་པོའི་མཐུན་སྦྱོར་སྐུལ་འདེད་འོག ས་ཁུལ་གྱི་དམངས་གཉེར་དཔལ་འབྱོར་སྤྱི་འབོར་གྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་པ།

    སྲིད་ཇུས་ནི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི“ཕྱོགས་སྟོན་འཁོར་ལོ”དང“བརྟན་ཆས”ཤིག་ཡིན། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ནོར་ཁྲལ་གྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་ཁྲལ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་དམངས་གཉེར་ཁེ་ལས་ལ་གཏན་འབེབས་ལྟར་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་དང་། ལྗང་མདོག གཉིས་གཏོད་བཅས་ལ་དངུལ་རྩའི་བུན་འཛིན་གྱི་ཐོགས་མེད་བགྲོད་ལམ་བཙུགས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་དམངས་གཉེར་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱས་ཡོད།

    ཁྲོམ་རར་ཞུགས་འཐུས་ཐད། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཀྱི་དབང་གྲགས་རང་བཞིན་སྲུང་སྐྱོང་ནན་པོ་བྱས་ཏེ། རྫོང་ཁག་དང་སྡེ་ཚན་ཁག་གིས་མངོན་མེད་ཀྱི་སྒོ་ཐེམ་འཛུགས་རྒྱུ་གཏན་འགོག་བྱས་ནས་དམངས་གཉེར་ཁེ་ལས་འདྲ་མཉམ་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་ཐུབ་པའི་འགན་ལེན་བྱས་པ་དང་། ནོར་སྲིད་ཀྱི་རོགས་སྐྱོར་ཐད། མ་འཇོག་གི་ཁ་གསབ་དང་དངུལ་བུན་གྱི་སྐྱེད་གསབ་སོགས་ཀྱི་བྱ་ཐབས་བརྒྱུད། ཆ་རྐྱེན་དང་མཐུན་པའི་དམངས་ཁྲོད་མ་འཇོག་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། སྲིད་གཞུང་གི་ཐོན་ལས་ཁྲིད་སྟོན་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པ། ས་ཁུལ་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་དང་ས་ཁུལ་གྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་བེད་སྤྱོད་ཡག་པོ་བཅས་བྱས་ནས་དམངས་ཁྲོད་མ་འཇོག་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་ལ་སྐུལ་འདེད་བཏང་བ་དང་ཁེ་ལས་གཉེར་བའི་དུས་ཚད་ལས་ཀའི་ཉིན་མོ་4ནས་ལས་ཀའི་ཉིན་མོ་1བར་ཐུང་དུ་བཏང་བར་ཁེ་ལས་ཐོ་འགོད་དང་ལག་ཁྱེར་གཉེར་བའི་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་པ་དང་། འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་མཆན་དོན་དག་ལ་ཞིབ་མཆན་ཐད་ཀར་མེད་པ་བཟོ་བ་དང་། ཞིབ་མཆན་ཐོ་འགོད་དུ་བསྒྱུར་བ། གསལ་བརྡ་ཁས་ལེན་ལག་བསྟར། ཆོག་འཐུས་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱེད་ཐབས་རིགས་བཞི་གཞིར་བཟུང“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”ལག་བསྟར་བྱས་ནས། ཁེ་ལས་ལ་འཕྲད་པའི“ཁྲོམ་རར་ཞུགས་ཀྱང་གཉེར་སྐྱོང་བྱེད་མི་ཆོག་པའི”དཀའ་ངལ་ཐག་གཅོད་བྱས་པ་དང“ལག་ཁྱེར་མང་པོ་གཅིག་སྒྲིལ་དང་ཨང་རྟགས་ལོགས་འགོད”ལ་སྐུལ་འདེད་བཏང་ཡོད།

    གཞན་ཡང་ཁྲོམ་ར་གཉེར་སྐྱོང་གི་བརྒྱུད་རིམ་ཁྲོད། མངའ་རིས་ས་ཁུལ་གྱིས་དམངས་གཉེར་ཁེ་ལས་ལ་དྲང་གཞག་དྲང་སྙོམས་དང་བརྟན་ལྷིང་གོ་རིམ་ལྡན་པའི་འགྲན་རྩོད་ཁོར་ཡུག་གཏོད་རྒྱུར་གཞོལ་བཞིན་ཡོད། འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་རྒྱང་རིང་དང་ཡུལ་གཞན་དུ་འོས་དཔྱད་ཞིབ་དཔྱད་དང་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དུ་ལག་བསྟར་བྱས་པས། འོས་སྐུལ་འོས་དཔོད་ཀྱི་བརྒྱུད་རིམ་སྔར་བས་ཡོངས་བསྒྲགས་དང་ཁ་གསལ་བྱུང་ནས་དམངས་གཉེར་ཁེ་ལས་ནང་ཞུགས་པའི་མ་གནས་ནུས་ལྡན་ངང་དམའ་རུ་ཕྱིན་ཡོད། རྩིས་དངུལ་ཆད་འགྱངས་སྔོན་འགོག་དང་གཙང་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ནས། རྩིས་དངུལ་ཆད་འགྱངས་བྱས་པའི་རྐྱེན་གྱིས་མ་དངུལ་འབྲེལ་ཐག་ཆད་པའི་ཉེན་ཁ་མི་ཐོན་པ་བྱས་ཡོད།

    སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

    སྤེལ་རེས་མཉམ་ལས་ནི་དམངས་གཉེར་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། མངའ་རིས་ས་ཁུལ་གྱིས་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་ཧུར་ཐག་བསྐྲུན་ནས་དམངས་གཉེར་ཁེ་ལས་དབར་དང་དམངས་གཉེར་ཁེ་ལས་དང་ཕྱི་ཕྱོགས་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་གི་ཡོད།

    2024ལོའི་ཟླ་9པར། མངའ་རིས་ཀྱི་ན་གཞོན་ཁེ་ལས་པའི་ཚོང་ཚོགས་བཙུགས་ནས་ས་གནས་དེ་གའི་དམངས་གཉེར་ཁེ་ལས་ལ་སྤེལ་རེས་དང་། སློབ་སྦྱོང་། མཉམ་ལས་བཅས་ཀྱི་ལས་སྟེགས་བསྐྲུན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་ཚོང་ཚོགས་སུ་ཚོགས་མིའི་ཁེ་ལས་27ཡོད་པ་དེ་དག་ཨར་སྐྲུན་དང་། ཞིང་འབྲོག བཟའ་བཏུང་། རིག་གནས། སྨན་བཅོས་སོགས་ལས་རིགས་མང་པོར་ཁྱབ་ཡོད། ཚོང་ཚོགས་ཀྱིས་སྤེལ་རེས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཚོགས་མིའི་ཁེ་ལས་དབར་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་གི་ཡོད།

    མངའ་རིས་ས་ཁུལ་གྱིས་ད་དུང་དམངས་གཉེར་ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཕྱི་ཕྱོགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་ཞིང་། “ཕྱིར་བསྐྱོད་པའི”རྣམ་པ་སྤྱད་དེ། ཧོ་པེ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་གྱིས། ཀྲེ་ཅང་སློབ་ཆེན་དུ་མངའ་རིས་ས་ཁུལ་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས། ས་གནས་གཉིས་ཀྱི་དམངས་གཉེར་ཁེ་ལས་པ་24ལ་འབྲེལ་གཏུག་སྤེལ་རེས་ལས་སྟེགས་བསྐྲུན་པ་དང་ས་གནས་གཉིས་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣ་གནད་འཁེལ་འབྲེལ་མཐུད་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ས་གནས་གཉིས་ཀྱི་ཚོང་དོན་མཉམ་ལས་རིམ་པ་དེ་བས་གཏིང་ཟབ་པ་དང་། ཆུ་ཚད་དེ་བས་མཐོ་བ། ཁྱབ་ཁོངས་དེ་བས་ཆེ་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

    མངའ་རིས་ས་ཁུལ་གྱིས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔའི་བར་ལྗོངས་ཕྱི་ནང་གི་དམངས་གཉེར་ཁེ་ལས་76གིས་མངའ་རིས་ས་ཁུལ་གྱི་རྫོང་7གྱི་གྲོང་ཚོ་76དང་ཆ་སྒྲིག་རོགས་སྐྱོར་གྲོས་མཐུན་བཞག་པར“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཀྱིས་རྒྱབ་སྐྱོར། སྤྱི་ཚོགས་ཞུགས་པ”བཅས་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”ལས་ཀའི་རྣམ་པ་ཆགས་ཡོད།

    སྲིད་ཇུས་ཀྱི་སྲུང་སྐྱེལ་ནས་ཁོར་ཡུག་ལེགས་སུ་གཏོང་བའི་བར་དང་གསར་གཏོད་ཀྱི་སྐུལ་འདེད་ནས་མཉམ་ལས་གཉིས་ཁེ་བར། མངའ་རིས་ས་ཁུལ་གྱིས་ཕྱོགས་ཡོངས་དང་རིམ་པ་མང་བའི་བྱ་ཐབས་སྤྱད་དེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།