ཧིན་རྡུ་རྒྱ་མཚོའི་ངོགས་ནས་འཐུལ་བའི་འབྲས་ཀྱི་དྲི་ཞིམ།
འདི་ནི་མ་ཏ་ཀ་སི་ཁར་མཱ་ཤིས་ཆི་གྲོང་རྡལ་གྱི་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་མཐོའི་དཔེ་སྟོན་རྟེན་གཞིའི་དཔེ་སྟོན་ཞིང་ཁའི་མུ་ཁ་ནས་སྐྱོད་བཞིན་པའི་ཞིང་པ་ཡིན་པ།
འདི་ནི་མ་ཏ་ཀ་སི་ཁར་མཱ་ཤིས་ཆི་གྲོང་རྡལ་ནས་པར་བླངས་པའི་ཀྲུང་གོས་མ་ཏ་ཀ་སི་ཁར་རོགས་སྐྱོར་བྱས་པའི་རྒྱུད་འདྲེས་ཆུ་འབྲས་ཀྱི་དཔེ་སྟོན་ལྟེ་གནས་ཡིན་པ།
འདི་ནི་མ་ཏ་ཀ་སི་ཁར་མཱ་ཤིས་ཆི་གྲོང་རྡལ་དུ་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཧུའུ་གཡོད་ཧྥང(གཡས་ཀྱི་དང་པོ)གིས་ཡུལ་དེ་གའི་འབྲས་འདེབས་ཞིང་པར་ཆུ་འབྲས་ཀྱི་སྐྱེ་འཚར་སྐོར་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་མ་ཏ་ཀ་སི་ཁར་མཱ་ཤིས་ཆི་གྲོང་རྡལ་གྱི་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་མཐོའི་དཔེ་སྟོན་རྟེན་གཞིར་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་དཔེ་སྟོན་ཞིང་ཁའི་འབྲས་ཀྱི་ལྗང་པ་སྐྱེ་འཚར་ལ་ལྟ་བཞིན་པ།
འདི་ནི་མ་ཏ་ཀ་སི་ཁར་ཨ་ནུའོ་ཤིས་ཨ་ལི་ཨོ་གྲོང་ཚོར་ཞིང་ལས་པུའི་ལག་རྩལ་པ་ལང་པོ་ཨ་སཱ་ལཱ་མཱ·ལཱ་ཆི་ནཱ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
འདི་ནི་མ་ཏ་ཀ་སི་ཁར་མཱ་ཤིས་ཆི་གྲོང་རྡལ་དུ་འབྲས་འདེབས་ཞིང་པ་ཧྥེ་མོ་སུའོ་ཨ·ལཱ་ཁ་ཐུང་ཏེ་ལཱ་ཀྲ་ལཱ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
འདི་ནི་མ་ཏ་ཀ་སི་ཁར་མཱ་ཤིས་ཆི་གྲོང་རྡལ་གྱི་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་མཐོའི་དཔེ་སྟོན་རྟེན་གཞིར་ཞིང་པས་དཔེ་སྟོན་ཞིང་ཁར་འབྲས་ཀྱི་ལྗང་པ་སྐྱེ་འཚར་ལ་ལྟ་བཞིན་པ།
འདི་ནི་མ་ཏ་ཀ་སི་ཁར་ཨ་ནུའོ་ཤིས་ཨ་ལི་ཨོ་གྲོང་ཚོ་ནས་པར་བླངས་པའི་འབྲས་ཞིང་ཡིན་པ།
“དེ་སྔོན་ཁྱིམ་གྱི་ས་ཞིང་མུའུ་8ལ་ཡུལ་འདི་གའི་འབྲས་འདེབས་ཀྱི་ཡོད་པས་ཟ་འབྲུའང་འདང་གི་མེད། ལོ་གསུམ་གོང་སོན་རྒྱུ་ལེགས་སུ་བཏང་ནས་རྒྱུད་འདྲེས་ཆུ་འབྲས་བཏབ་རྗེས་ང་ཚོའི་ཟ་འབྲུ་འདང་ངེས་བྱུང་བ་མ་ཟད་ད་དུང་འབྲུ་ལྷག་འཚོང་རྒྱུ་ཡོད་པ་དང་ཡོང་འབབ་ཀྱིས་ས་ཞིང་རྒྱ་ཆེ་རུ་གཏོང་ཐུབ་བྱུང” ཉེ་ཆར་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་མཐོའི་དཔེ་སྟོན་རྟེན་གཞི་གནས་ཡུལ་མ་ཏ་ཀ་སི་ཁར་མཱ་ཤིས་ཆི་གྲོང་རྡལ་དུ། ལོ་30ལ་སླེབས་པའི་འབྲས་འདེབས་ཞིང་པ་ཧྥེ་མོ་སུའོ་ཨ·ལཱ་ཁ་ཐུང་ཏེ་ལཱ་ཀྲ་ལཱ་ཡིས་བློ་ཡིད་ཚིམ་བཞིན་གསར་འགོད་པར་དེ་ལྟར་བཤད།
ཨ་ནུའོ་ཤིས་ཨ་ལི་ཨོ་གྲོང་ཚོར། ཞིང་ལས་པུའི་ལག་རྩལ་པ་ལང་པོ་ཨ་སཱ་ལཱ་མཱ·ལཱ་ཆི་ནཱ་ཡིས་ཞིང་དུད་ཀྱི་སྣེ་ཁྲིད་དེ་ནད་དང་གནོད་འབུ་འགོག་བཅོས་བྱེད་བཞིན་འདུག ཁོ་པ་ཧུའུ་ནན་དུ་གསོ་སྦྱོང་ལ་ཐེངས་གཉིས་ཡོང་མྱོང་ཡོད་པ་དང་། ད་ཆ་ཡུལ་དེ་རང་གི་རྒྱུད་འདྲེས་ཆུ་འབྲས་ཁྱབ་གདལ་གཏོང་མཁན་གྱི་རྐང་འཛིན་སྟོབས་ཤུགས་ལ་གྱུར་ཡོད།
ཁོ་པས“ངའི་ལག་རྩལ་ནི་ཀྲུང་གོའི་དགེ་རྒན་གྱིས་བསླབས་བྱུང” ལོ་མང་རིང་། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་སོན་བཟང་ཁྱབ་གདལ་བཏང་བ་མ་ཟད། ཐབས་བཟང་བསླབ་རྒྱུར་དེ་བས་སྣང་ཆེན་བྱེད་ཅིང་། ཞིང་ནང་དུ་ཞིང་པར་ལྗང་པ་འདེབས་གསོ་དང་། ལྗང་པ་འཛུགས་སྟངས། གནོད་འབུ་འགོག་བཅོས་བྱེད་སྟངས་བཅས་དམར་ཁྲིད་བྱེད་པ་མ་ཟད། ད་དུང་བརྒྱུད་རིམ་རང་བཞིན་ལྡན་པའི་སྒོ་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཡང་ཁྲིད་དེ་ཡུལ་དེ་གའི་ལག་རྩལ་རྐང་འཛིན་པ་གསོ་སྐྱོང་ཡང་བྱེད་པ་དང་། དེ་ནས་ཁོང་ཚོས་འདེབས་འཛུགས་ཤེས་བྱ་དེ་དག་ཞིང་དུད་དེ་བས་མང་བར་མུ་མཐུད་སློབ་ཀྱི་ཡོད་ཅེས་བཤད།
ཨའེ་ལིན·ནུའོ་ནེན་ཅཱ་ནཱ་ཧ་ལི་ནི་དེའི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། ཁོ་མོའི་ཁྱིམ་གྱི་འབྲས་ཞིང་མུའུ་3ལ་ན་ནིང་རྒྱུད་འདྲེས་ཆུ་འབྲས་ཚོད་འདེབས་ཐེངས་དང་པོ་བྱས་པར་ལོ་ལེགས་བྱུང་བ་རེད། ཁོ་མོས“དེ་སྔོན་ཞིང་ཁ་འདེབས་པར་གནམ་ཆུ་སྒུག་དགོས་པ་དང་། ད་ཆ་ལག་རྩལ་ལ་བརྟེན་གྱི་ཡོད་པས་བློ་བདེ་སོང”ཞེས་བཤད།
2007ལོར། མ་ཏ་ཀ་སི་ཁར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་དཔེ་སྟོན་ལྟེ་གནས་ཀྱི་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཤིང་། ཧུའུ་ནན་ཞིང་ཆེན་ཞིང་ལས་ཚན་རིག་སློབ་གླིང་གིས་སྣེ་ཁྲིད་པ་དང་ཡོན་ཁྱིམ་རྒྱུད་ཀྱི་འདེབས་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ལག་ལེན་ནང་ཞུགས་པ་རེད། དེ་ནི་2006ལོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག་གཏན་ལ་འཁེལ་བའི་ཧྥེ་སྐྱོར་གྱི་ཞིང་ལས་དཔེ་སྟོན་ལྟེ་གནས་10ཡི་གྲས་ཤིག་རེད། དཔེ་སྟོན་ལྟེ་གནས་ཀྱི་གྱང་ལྡེབས་སུ། ཞིང་ལས་རིགས་གཅིག་མཁས་ཅན་གྱིས་གླིང་ཕྲན་ཡོངས་སུ་ཆུ་འབྲས་ཁྱབ་གདལ་གཏོང་བའི་པར་རིས་རྩ་ཆེན་བཀལ་ཡོད་པ་དང་ཟུར་དུ་ཞིང་ལས་ཡོ་བྱད་སྣ་ཚོགས་གྲལ་སྟར་འགྲིག་པོས་བཞག་འདུག
“འདི་གའི་ཞིང་པ་རྣམས་དེ་སྔོན་རྒྱུན་དུ་གནམ་ཆུ་སྒུག་དགོས་པ་མ་ཟད། སོན་བཟང་མེད་པ་དང་འདེབས་འཛུགས་ལག་རྩལ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཞན་པའི་དབང་གིས་ཆུ་འབྲས་ཀྱི་ཐོན་འབབ་མཐོ་པོ་མེད་པས་ཞིང་པ་མང་པོ་ཞིག་གི་ཟ་འབྲུ་ཆད་ཀྱི་ཡོད”ཅེས་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཧུའུ་གཡོད་ཧྥང་གིས་རྒྱང་རིང་གི་འབྲས་ཞིང་ལ་མཛུབ་མོ་འཛུགས་བཞིན་བཤད། ཁོང་གིས“རྒྱུད་འདྲེས་ཆུ་འབྲས་འདི་གར་ཁྱབ་གདལ་གཏོང་བའི་གོམ་པ་དང་པོ་ནི་སོན་བཟང་ཡག་པོ་འདེམས་རྒྱུ་དེ་རེད”ཅེས་བཤད།
“ཡིན་ནའང་འགྲན་སློང་དངོས་ནི་ཕྱི་ནས་འཁྱེར་ཡོང་བའི་སོན་འདི་དག་ཞིང་པས་དང་ལེན་བྱེད་དུ་འཇུག་རྒྱུ་དེ་རེད”ཅེས་ཞིང་ལས་རིགས་གཅིག་མཁས་ཅན་སུང་ཁྲུན་ཧྥང་གིས་བཤད། དོགས་གནད་དེ་སེལ་ཆེད། རིགས་གཅིག་མཁས་ཅན་ཚོས་འབྲས་ཞིང་གཅིག་ལ་རྒྱུད་འདྲེས་ཆུ་འབྲས་བཏབ་པ་དང་གཅིག་ཤོས་ལ་ཡུལ་དེ་གའི་འབྲས་བཏབ། རྨོ་འདེབས་ཀྱི་ས་རྒྱུ་གཅིག་མཚུངས་ཡིན་པའི་རྨང་གཞིའི་ཐོག་རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་འབབ་ནི་ཡུལ་དེ་གའི་ཆུ་འབྲས་ཀྱི་ཐོན་འབབ་ལས་ལྡབ་གཉིས་གསུམ་ཙམ་གྱིས་མང་བ་ཡོད་པ་རེད།
ཁྱབ་གདལ་གཏོང་རིང་གི་དཀའ་ཚེགས་ཆེ་བའི་ལོ་ཟླ་ད་བར་རྡོ་ལ་རི་མོ་བརྐོས་པ་བཞིན་སེམས་ལ་ལྷང་ངེར་ངེས་ཡོད། ཧུའུ་གཡོད་ཧྥང་གིས། སྐབས་དེ་དུས་ང་ཚོ་ཞིང་དུད་ཀྱི་སྤྱིལ་བུའི་ནང་སྡོད་པ་དང་། ཐིགས་ཆུ་བསགས་ནས་འཐུང་བ། རྐང་ཐང་མར་སྤྱི་ལེ་བཅུ་ཕྲག་བསྐྱོད་དེ་བུད་ཤིང་སྒྲུག་ནས་ཁ་ལག་བཟོ་བ། ལྟོ་དུས་གསུམ་ཀར་ཞོག་མངར་ཟ་བ་བཅས་བྱེད་མྱོང་ཡོད། ཐེངས་ཤིག་རྫབ་རྫིང་བཟོ་སྐབས་ངའི་རྐང་པར་ལྕུག་ཕྲན་ཟུག་པས་ཞིང་པས་རོགས་པ་བྱས་བྱུང་ཞེས་སྔར་སོང་གི་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་བཤད།
མིག་སྔར་རིམ་རྩིས་བྱས་ན་མ་ཏ་ཀ་སི་ཁར་གྱི་རྒྱུད་འདྲེས་ཆུ་འབྲས་འདེབས་ཁྱོན་སྤྱི་ཆིང་ཁྲི་9ཟིན་པ་དང་། ཆ་སྙོམས་སྤྱི་ཆིང་རེའི་ཐོན་འབབ་ཏུན་7.5ཟིན་ཞིང་། དེ་ནི་ཡུལ་དེ་གའི་རྒྱུན་གཏན་ཆུ་འབྲས་ལས་ཐོན་འབབ་ལྡབ་གཉིས་ནས་གསུམ་གྱིས་མང་བ་ཡོད། དེ་ཨ་ཧྥེ་རི་ཁའི་རྒྱུད་འདྲེས་ཆུ་འབྲས་འདེབས་ཁྱོན་གྱི་རྒྱལ་ཁབ་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། འབྲས་ཀྱིས་ཞིང་པའི་འབྲུ་མཛོད་བྱུར་བུར་ཁེངས་ཡོད་ལ། གླིང་ཕྲན་རྒྱལ་ཁབ་དེའི་འབྲུ་རིགས་བདེ་འཇགས་འགན་སྲུང་ཡང་ཐུབ་ཡོད།
“ཉིན་ཞིག་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་གླིང་ཕྲན་ཡོངས་ལ་བཏབ་ནས་ཞིང་པ་དེ་བས་མང་བར་ལྟོས་གྲོད་པ་རྒྱགས་པ་དང་འབབ་འཕར་བྱུང་ནས། ང་ཚོ་སྔ་ཙམ་ཟ་འབྲུ་རང་ཁ་རང་གསོ་ཐུབ་པའི་རེ་བ་ཡོད”ཅེས་གསར་འགོད་པ་དང་མཉམ་དུ་ཡོད་པའི་ཡུལ་དེ་གའི་ལས་རོགས་ཨའེ་ལི་ཁེ·ལཱ་ཕེ་རུའོ་ཆི་ཡིས་བཤད།