ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གྲུ་ཚང་ནས་དོན་ཐེངས་དང་པོ་ལམ་ལྷོངས་བྱུང་བ།
ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2025ལོའི་ཟླ་5ཚེས་22ཉིན་གྱི་ཆུ་ཚོད་16དང་སྐར་མ་49ལ་ཆུ་ཚོད་8ཙམ་གྲུ་ཚང་ནས་དོན་པ་བརྒྱུད། ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་གསུམ་གཞོགས་འདེགས་དམ་ཟབ་བྱས་ཏེ་ས་ངོས་ཚན་ཞིབ་མི་སྣའི་གཞོགས་འདེགས་དང་རྒྱབ་སྐྱོར་འོག་འཇིག་རྟེན་འཕུར་སྐྱོད་པ་ལྟེ་ཚང་དང་མཚམས་ཚིགས་གྲུ་ཚང་ནས་དོན་ཏེ་གྲུ་ཚང་ནས་དོན་མཁན་འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་དང་ཁྲེན་ཀྲུང་རུའེ་བདེ་འཇགས་ངང་མཁའ་འདྲི་ཚོད་ལྟ་ཚང་དུ་ཕྱིར་ལོག་ཟིན་པ་དང་གྲུ་ཚང་ནས་དོན་རྒྱུ་ལམ་ལྷོངས་བྱུང་ཡོད།
དེ་ནི་བར་སྣང་ས་ཚིགས་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་ནས་བཟུང་འཇིག་རྟེན་འཕུར་སྐྱོད་པ་མཁའ་འདྲི་ཚོད་ལྟ་ཁང་གི་ལྟེ་ཚང་དང་མཚམས་ཚིགས་གྲུ་ཚང་བརྒྱུད་གྲུ་ཚང་ནས་དོན་ཐེངས་དང་པོ་དང་འཇིག་རྟེན་འཕུར་སྐྱོད་པ་གྲུ་ཚང་ནས་དོན་པ་དང་དངོས་ཟོག་གྲུ་ཚང་ནས་བཏོན་པའི་ལས་འགན་དང་འབྲེལ་བ་ཟུང་སྦྱོར་ལག་བསྟར་བྱེད་ཐེངས་དང་པོ་ཡིན་པ་རེད། འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་ལོ་གཉིས་ལྷག་ཙམ་གྱི་རྗེས་སུ་སླར་ཡང་བར་སྣང་དུ་སྐྱོད་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཀྲུང་རུའེ་ཡིས་གྲུ་ཚང་ནས་དོན་པའི་ལས་འགན་བྱེད་ཐེངས་དང་པོ་ཡིན་པ་རེད།
ད་ཐེངས་གྲུ་ཚང་ནས་དོན་པ་དེ་ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་ཀྲུང་གོ་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་ནས་ཟླ་བ་གཅིག་ཀྱང་ཕྱིན་མེད་པས། བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་རྗེས་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་འཁོར་ལམ་དུ་ཞུགས་པ་དང་གྲུ་ཚང་ནས་དོན་ཐེངས་དང་པོའི་དུས་ཚོད་ཀྱི་བར་ཐག་ཐུང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།