དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲ་ནང་དུ་ཕུགས་བསམ་མངོན་འགྱུར་བྱ་ཡུལ་ཞིག་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་དྲ་བའི་གསར་འགོད་པ། ཝུའུ་ཡུས་རེན། དབྱངས་ཅན་སྒྲོལ་དཀར།   |     སྤེལ་དུས།  2025-05-25

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དབུལ་སྐྱོར་དང་དབང་སྐྱོན་རོགས་སྐྱོར་གྱོན་གོས་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སིའི་བཟོ་ཁང་དུ་པ་སངས་ཟླ་བ་དང་འདྲ་བའི་དབང་པོ་སྐྱོན་ཅན་ལས་བཟོ་38ཀྱིས་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱིས་འཇོན་པའི་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

    “ད་ལྟ་ངས་ལས་མི་གསར་པར་མཐའ་སྒྲིལ་འཚེམ་འཁོར་སྤྱོད་སྟངས་སློབ་ཤེས་ཀྱི་ཡོད”ཅེས་པ་སངས་ཟླ་བས་དྲས་ཟིན་པའི་རས་དེ་མར་བཞག་ནས་ལས་སྟེགས་མདུན་གྱི“རྐང་འཛིན་ལས་བཟོ”ཞེས་པའི་གཟེངས་རྟགས་དེ་བསྟན་བྱུང་། ལས་ཀ་དེ་མ་བྱས་གོང་གི་སྐབས་ཤིག་རིང་ཁོང་ནི“སྐུད་པ་ཆད་པའི་ཤོག་བྱ”ཞིག་དང་འདྲ་བར་འཚོ་བའི་ཁ་ཕྱོགས་མི་ཤེས་མཁན་ཞིག་ལ་གྱུར་ཡོད། ད་ཆ་ཟླ་རེར་ཡོང་འབབ་སྒོར་4500ཡོད་པས་ཁྱིམ་ཚང་གི་འཚོ་བར་རོགས་སྐྱོར་ཐུབ་པ་མ་ཟད། ཁོང་གྲོང་ཚོའི་གཞོན་ནུ་ཚོས་མིག་དཔེ་ལྟ་ས་ཞིག་ལ་དེ་བས་གྱུར་ཡོད།

    ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་5000ཙམ་ཟིན་པའི་ལས་ཞུགས་རྟེན་གཞི་དེ་ནི་སྔོན་ཆད་གྲ་ནང་རྫོང་ཡང་ཀ་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ལྟེ་གནས་རེད། 2018ལོར་ཕྱོགས་སྒྱུར་བྱེད་སྐབས། རྒྱལ་ཁབ་ཀྱིས་ཁ་གསབ་རོགས་དངུལ་སྤྲད་པ་དང་ཁེ་ལས་ཀྱིས་རང་གྲབས་བྱས་ནས་བཙུགས་པའི་གྱོན་ཆས་བཟོ་གྲྭ་དེ་དབང་པོ་སྐྱོན་ཅན་གྱི་ལས་དབང་ལ་འགྱུར་ལྡོག་གཏོང་བའི“ཕུགས་བསམ་མངོན་འགྱུར་བྱ་ཡུལ”དུ་གྱུར་བ་ནི་འགན་འཁུར་བ་ལྷག་ཆུང་གི་བསམ་ཡུལ་ལས་འདས།

    ལྷག་ཆུང་གིས་བོད་ཆས་འཚེམ་བཞིན་པའི་པད་མ་སྒྲོལ་དཀར་ལ་མཛུབ་མོ་བཙུགས་ནས“འདི་གར་མི་ཚང་མར་རང་ཉིད་ལ་འཚམ་པའི་ལས་གནས་རེ་ཡོད། ཁྱོ་ག་དང་བཟོ་གྲྭ་གཅིག་པ་ཡིན་པའི་བུད་མེད་བཟོ་པ་དེར་ཟླ་རེར་ཡོང་འབབ་སྒོར་6000ལྷག་ཙམ་ཡོད”ཅེས་བཤད།

    2018ལོར་ཕྱོགས་སྒྱུར་བྱས་པ་ནས་བཟུང་རྟེན་གཞི་དེས་བསྡོམས་རྩིས་བརྒྱབ་ན། ལས་མི་67བསྡུས་པ་དང་ད་ཆ་དབང་པོ་སྐྱོན་ཅན་38ཡོད། ལོ་7རིང་བསྡོམས་རྩིས་བརྒྱབ་ན། བགོ་འགྲེམས་སྒོར་ཁྲི་36ལྷག་ཙམ་བརྒྱབ་ཡོད་པ་རེད། “ལས་ཞུགས་ཐབས་ལམ་དང་ལས་གཏོད་རོགས་རམ་བྱེད་པའི་ཐབས་ལམ་བརྒྱུད་ང་ཚོས་དབང་པོ་སྐྱོན་ཅན་9དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མང་ཚོགས་10ལ་རང་བརྟེན་ལས་གཏོད་ཡོང་བར་རོགས་རམ་བྱས་ཡོད”ཅེས་ལྷག་ཆུང་གིས་བཤད།

    སྒྲོལ་མ་ནི་ཕན་པ་ཐོབ་མཁན་གྲས་ཤིག་རེད། དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་འདིས་རྟེན་གཞིའི་རྒྱབ་སྐྱོར་འོག་མི་རིགས་ཀྱི་གྱོན་ཆས་ཚོང་ཁང་བཙུགས་ནས་ད་ཆ་ལོ་རེའི་ཡོང་འབབ་སྒོར་ཁྲི་6ལས་བརྒལ་གྱི་ཡོད། “ད་ལྟ་ང་གཅུང་མོའི་སློབ་ཆེན་གྱི་སློབ་ཡོན་ལ་སེམས་ཁྲལ་མི་འདུག ང་ཚོ་ཡང་མི་གཞན་གྱི་རེ་བ་ཞིག་ཏུ་འགྱུར་ཐུབ”ཅེས་སྒྲོལ་མས་དགའ་ཚོར་ཆེན་པོས་བཤད།

    རྟེན་གཞིའི་འགྲེམས་སྟོན་ཁུལ་གྱི་གཡོན་ངོས་སུ་སློབ་མའི་སློབ་གོས་དང་སྲོལ་རྒྱུན་གྱི་བོད་ཆས་དང་དེ་བཞིན་གྲལ་འགྲིག་པོར་བརྩིགས་པའི་སྲིང་བལ་ཉལ་ཆས་ཀྱིས་ཁེངས་པ་དང་གཡས་ངོས་སུ“ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་རོགས་རམ་སྔོན་ཐོན་མཉམ་སྡེབ”དང“རྒྱལ་ཁབ་རིམ་པའི་དབང་པོ་སྐྱོན་ཅན་ལས་རིགས་གསོ་སྦྱོང་རྟེན་གཞི”སོགས་གཟི་བརྗིད་མཚན་སྙན་གྱི་བྱང་བུ་བཀལ་ཡོད་པ་རེད།

    ལྷག་ཆུང་གིས། ཁེ་ལས་ཀྱི་ལོའི་ཡོང་འབབ་2018ལོའི་སྒོར་ཁྲི་18ནས་2024ལོའི་སྒོར་ཁྲི་48.56བར་འཕར་བ་དང་ལོ་རེར་ཆ་སྙོམས་འཕར་ཚད་21.6%ཟིན་གྱི་ཡོད། ཐོན་རྫས་ལྷོ་ཁར་ཁྱབ་པ་ཙམ་མ་ཟད། ནག་ཆུ་དང་མངའ་རིས་ལའང་བྲིན་ཁ་རྒྱུག་པོ་ཡོད་ཅེས་ངོ་སྤྲོད་བྱས།

    བཟོ་ཁང་ནང་འཚེམ་འཁོར་གྱི་སྒྲས་ཁེངས་པ་དང་ལྷག་ཆུང་དང་ལས་བཟོ་ཚོས་མངག་ཐོ་གསར་པའི་སྐོར་གྲོས་བསྡུར་བྱས་ཤིང་། ཉི་འོད་བཟོ་པ་ཚོས་བཙེམས་པའི་ཚོན་མདོག་སྣ་ལྔའི་པང་གདན་ཐོག་འཕྲོ་སྐབས་ལྷག་པར་མཛེས་པ་དང་བཟོ་པ་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།