བོད་ལྗོངས་ཀྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1ལས་བརྒལ་བ།
གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་གློག་དྲ་ཆེན་པོའི་གཅིག་གྱུར་སྙོམས་སྒྲིག་དང་ཁྲོམ་ར་ཆེན་པོའི་ཐོན་ཁུངས་བགོ་སྒྲིག་གི་ལེགས་ཆར་བརྟེན་ནས་པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་། རྒྱལ་ཁབ་གློག་དྲ་ནུབ་བྱང་དང་ལྷོ་ནུབ་ཡན་ལག་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཟླ་5པའི་ཟླ་དཀྱིལ་དུ་བོད་ཀྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1ལས་ཐོག་མར་བརྒལ་ཡོད་པ་རེད། 2024ལོའི་ལོ་མཇུག་བར་བོད་ཀྱི་འོད་ཤུགས་དང་རླུང་ནུས་སོགས་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་མགྱོགས་མྱུར་མང་དུ་ཕྱིན་པ་དང་། གློག་འདོན་འཕྲུལ་འཁོར་གྱི་བསྡུར་གྲངས་50%ལྷག་ཟིན་ཏེ་ནུས་རྒྱུ་གསར་པ་གཙོ་ཁྲིད་དུ་བྱས་པའི་ནུས་རྒྱུ་གཙང་མའི་མ་ལག་ཅིག་གྲུབ་ཡོད།
ད་ལོ་ནས་བཟུང་། བོད་ལྗོངས་གློག་ཤུགས་སྡེ་ཚན་གྱིས་ནུས་རྒྱུ་གསར་པ་འདྲེན་སྤྱོད་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་ཆེད་ས་གནས་དེ་གའི་ལྗང་མདོག་གློག་ཤུགས་ཀྱི་དགོས་མཁོ་འཚོལ་ཞིབ་བྱས་ཏེ། ལྗོངས་ནང་ཁུལ་གྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་གི་གཞི་ཁྱོན་དུས་ཐོག་ཏུ་རྒྱ་ཆེར་བཏང་བ་དང་། གློག་དྲའི་འདྲེན་སྤྱོད་བར་མཐོངས་དང་ཟུང་འབྲེལ་བྱས་ནས་ལྗང་མདོག་གློག་ཤུགས་ཀྱི་ཕྱོགས་གཉིས་ཉོ་ཚོང་ཐེངས་4སྒྲིག་འཛུགས་བྱས་ཏེ་གློག་གཏོང་བྱེད་པོ་བཅུ་བཞིར་ནུས་རྒྱུ་གསར་པའི་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་0.79ཐོལ་པ་གཏོང་རོགས་བྱས་པ་དང་གློག་ཤུགས་སྤྱོད་མཁན་ཁྱོན་བསྡོམས་དུད་ཚང་33ཞུགས་ཡོད་པ་རེད། དེ་དང་ཆབས་ཅིག་བོད་ཀྱི་གློག་ཤུགས་སྡེ་ཚན་གྱིས་མཚོ་བོད་གློག་དྲ་སྦྲེལ་མཐུད་ཀྱི་གློག་གཏོང་གློག་སྒྱུར་ལས་གྲྭ་དང་ཁྲོན་བོད་གློག་དྲ་སྦྲེལ་མཐུད་ཀྱི་གློག་གཏོང་གློག་སྒྱུར་ལས་གྲྭའི་ནུས་ཤུགས་ཐོལ་པ་དང་ཟུང་འབྲེལ་བྱས་ཏེ་པེ་ཅིང་དང་། ཅང་སུའུ། ཨན་ཧུའེ་བཅས་ལ་ལྗང་མདོག་གློག་གཏོང་གི་གཅིག་སྡུད་རིན་གོང་འགྲན་རྩོད་ཉོ་ཚོང་ཐེངས་གསུམ་སྒྲིག་འཛུགས་བྱས་ནས་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་0.27ཉོ་ཚོང་བྱས་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་2.06ཉུང་དུ་གཏོང་རོགས་བྱས་ཏེ་བོད་ལ་དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི་600བཏོད་ཡོད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ལྗོངས་གློག་ཤུགས་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་འཛུགས་སྐྲུན་ལ་བརྟེན་ནས་ཁྲོམ་རའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་དང་། ལྗང་མདོག་གློག་ཤུགས་དང་ལྗང་མདོག་ལག་ཁྱེར་གྱི་ཞབས་ཞུའི་མ་ལག་འཛུགས་སྐྱོང་གཏིང་ཟབ་བྱས་ཏེ་ལྗང་མདོག་གློག་ཤུགས་ཉོ་ཚོང་ཁྱབ་ཁོངས་སུ་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།