འདི་གར་ང་འདྲ་བ་གཅིག་ཀྱང་མེད་ན་འགྲིག་ཐབས་མེད།
2003ལོར་སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ལག་ལེན་བསྟར་འགོ་ཚུགས། ངས་རང་འགུལ་ངང་མིང་ཐོ་བཀོད་པས་དང་བླངས་པ་ཁག་དང་པོར་གྱུར། བོད་དུ་ཡོང་ནས་འདི་གར་གཞིས་ཆགས་པ་ཡིན། ད་བར་ངས་བོད་དུ་ལས་ཀ་བྱས་པ་དང་འཚོ་བ་བསྐྱལ་ནས་ལོ་20ལྷག་ཙམ་ཕྱིན་སོང་།
རྒྱུན་དུ་ཁོང་ཚོས་ང་ལ་སྡུག་རུས་དེ་འདྲ་བྱེད་དགོས་དོན་གང་ཡིན་ཞེས་སྐད་ཆ་འདྲི་གི་འདུག དྲང་པོ་བཤད་ན་བོད་དུ་མ་བསླེབས་གོང་ངས་འདི་གར་དུས་ཡུན་རིང་པོ་དེ་འདྲ་སྡོད་རྒྱུའི་བསམ་བློ་འཁོར་མྱོང་མེད་ལ། འདི་གར་བསླེབས་རྗེས་སེམས་ལ་གཡོ་འགུལ་ཐེབས་མྱོང་མེད་པ་མིན། ང་རང་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་འགོ་ནད་ཚན་ཁག་ཏུ་ལས་བགོས་བརྒྱབ་བྱུང་། ཆ་སྙོམས་ས་བབ་སྨི་4500ཟིན་པའི་ནག་ཆུར་གསོ་རླུང་མི་འདང་བ་དང་དྲོད་ཚད་དམའ་བ་མ་ཟད། ད་དུང་རྒྱུན་དུ་རླུང་འཚུབ་དྲག་པོ་རྒྱག་གི་ཡོད། ང་ཚོས་ནག་ཆུར་ལོ་གཅིག་ལ་དགུན་ཁའི་དུས་ཚིགས་གཅིག་པུ་ལས་མེད་ཅེས་ཆོབ་བསྐུལ་ནས་ཤོད་ཀྱི་ཡོད།
“འདི་གར་ལས་ཀ་ཡག་པོ་བསྒྲུབ་མི་ཐུབ་པ་གང་ཡོད་དམ”གཞོན་ནུ་ཚོར་མཚོན་ན་དཀའ་ངལ་ནི་བར་ཆད་རེད་ལ། སེམས་ཤུགས་གཅིག་ཀྱང་ཅི་ལ་མིན། ཕམ་ཁ་མྱོང་མི་འདོད་པའི་ངར་ཤུགས་ལ་བརྟེན་ནས་ངས་འདི་གར་འབད་འཐབ་བྱས་ཏེ་བྱ་གཞག་གསར་པ་ཞིག་གཏོད་རྒྱུའི་བློ་ཐག་བཅད་པ་ཡིན། ངས་སློབ་སྦྱོང་ལ་ཧུར་བརྩོན་དང་ལག་རྩལ་ལ་བརྩོན་ཞིབ་བྱས་ཏེ་རང་འགུལ་ངང་ལས་ཀ་སྔར་བས་མང་བ་བསྒྲུབ་རྒྱུའི་རེ་བ་ཞུས་པ་ཡིན། འགོ་ནད་ཀྱི་ཉེན་ཁ་ཡོད་རུང་གང་ལྟར་ལས་ཀ་དེ་བྱེད་མཁན་དགོས་པ་དང་། བྲེལ་འཚུབ་ཀྱིས་ངལ་གསོ་བའི་དུས་ཚོད་མེད་རུང་ནད་པ་ཚང་མར་ལྟ་རྟོག་ཡག་པོ་བྱེད་དགོས། འགྲིམ་འགྲུལ་སྟབས་མི་བདེ་བས་ནད་པ་ཐེངས་གཅིག་ཡོང་བར་ཡང་ལས་སླ་པོ་མེད་ལ། རྗེས་སུ་ནད་གཞིའི་སྐོར་འདྲི་བདེ་བ་ཡོང་ཆེད་ངས་ཁོང་ཚོར་ཁ་པར་ཨང་གྲངས་བཞག་པ་ཡིན།
ངར་ཤུགས་དེར་བརྟེན་ནས་ངས་འདི་གར་བསྡད་པ་དང་ས་གནས་འདི་གའི་མང་ཚོགས་ཀྱི་དགོས་མཁོ་དང་ཡིད་ཆེས་ལས་ངས་དེ་གར་གཞིས་ཚུགས་པ་ཡིན། ཐེངས་གཅིག་ངས་འདུས་འདྲིལ་ཀླད་རྒྱའི་གཉན་ཚད་ཕོག་པའི་བྱིས་པ་ཞིག་ལ་བརྟག་དཔྱད་བྱས་པ་ཡིན། ཕྲུ་གུ་དེ་སྨན་ཁང་དུ་སྐྱེལ་སྐབས་ཚ་བ་བརྒྱབ་ནས་པ་ཕའི་ཨམ་ཕྲག་ནང་ཁུམ་ནས་བསྡད་དེ་ངོ་གདོང་ནས་ན་ཟུག་དྲག་པོ་གཏོང་བའི་རྣམ་འགྱུར་ཞིག་མངོན་གྱི་འདུག ནད་གཞི་ཛ་དྲག་པ་དང་སྨན་ཁང་གཞན་དུ་བསྒྱུར་བར་དུས་ཚོད་རིང་པོ་འགོར་བས་ང་ཚོས་འཕྲལ་དུ་སྐྱོབ་བཅོས་བྱ་རྒྱུའི་ཐག་བཅད། ནད་གཞིའི་སྐོར་གསལ་པོ་བཤད་རྗེས་ནད་པའི་ཁྱིམ་བདག་གིས་ང་ཚོར་ཡིད་ཆེས་ཆེན་པོ་བྱེད་ལ། ཕྲུ་གུ་སྐྱོབ་བཅོས་བྱ་རྒྱུའི་མོས་མཐུན་ཡང་བྱས་བྱུང་། སྨན་བཅོས་བྱས་མཐར་ཕྲུ་གུ་ཉེན་ཁ་ལས་བྲལ་ཏེ་བདེ་ཐང་ངང་སྨན་ཁང་ནས་དོན་ཐུབ་སོང་། ཁྱིམ་བདག་གི་ཡིད་ཆེས་ཐོབ་པ་དང་ཕྲུ་གུ་དྲག་སྐྱེད་བྱུང་བ་མཐོང་སྐབས་འདི་གར་གཞིས་ཚུགས་པའི་ངའི་མི་ཚེའི་རིན་ཐང་མངོན་གྱི་འདུག
ལོ་འདི་དག་རིང་། མི་དམངས་སྨན་ཁང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་རིམ་པ་སྤར་ནས་སྒྲིག་བཀོད་ལེ་ལག་ཚང་དུ་སོང་བ་དང་སྨན་དོན་པ་མང་དུ་ཕྱིན་པ་མ་ཟད། སྨན་བཅོས་ཆུ་ཚད་ཀྱང་དེ་སྔ་ལས་མཐོ་རུ་ཕྱིན་ཡོད། ངས་ལས་ཀ་བྱེད་རིང་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཞན་པའི་གནད་དོན་རྟོགས་བྱུང་། ནད་གཞི་ཚབས་ཆེ་བའི་ནད་པ་ནི་སྨན་ཁང་དུ་འགྲོ་བར་སུན་སྣང་བྱས་ནས་མཐར་ནད་གཞི་ཆུང་ཆུང་དག་བཅོས་ཐབས་བྲལ་བའི་ནད་གཞིར་གྱུར་བ་ཞིག་རེད། ནད་གཞིར་ངོས་འཛིན་གསལ་པོ་མེད་པ་དང་སྨན་ཁང་དུ་འགྲོ་བར་སུན་སྣང་བྱེད་པ་དེ་འགོ་ནད་འགོག་བཅོས་ཀྱི་དཀའ་ངལ་གཙོ་བོ་ཞིག་ཏུ་གྱུར། ཚང་མ་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་མི་འདོད་ཚེ་ང་ཚོས་རང་འགུལ་ངང་ཁོང་ཚོའི་སར་སྐྱོད་དགོས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ང་དང་ལས་རོགས་ཚོས་ས་ཆ་ཁག་ཏུ་སྐོར་གཡེང་སྨན་བཅོས་བྱེད་པར་བསྐྱོད་དེ་ཐག་རིང་གི་སློབ་གྲྭར་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བ་དང་། ཁྱིམ་ཚང་རེ་རེ་བཞིན་ལ་དུག་སེལ་ཆུ་སྤྱོད་སྟངས་སློབ་པ། མི་མང་འདུ་འཛོམས་བྱ་ཡུལ་དུ་དུག་སེལ་བཅས་བྱས་པ་ཡིན། དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སླེབས་རིམ་བཞིན་ང་རང་རི་གྲོང་གི་གུར་ནང་ཕར་འགྲོ་ཚུར་འོང་བྱས་ནས་འབྲོག་པ་རྣམས་ལ་སྨན་སྐྱེལ་གྱི་ཡོད། མཐོ་གྲང་གསོ་རླུང་དཀོན་པ་དང་རི་ལམ་ཀྱག་ཀྱོག་ཏུ་ངས་ཉིན་ལྟར་སྨན་སྒམ་ཁྱེར་ནས་ལམ་ཐག་ཆུ་ཚོད་4ལྷག་ཙམ་བསྐྱོད་ཚེ་གཞི་ནས་སྨན་དུས་ཐོག་ཏུ་འབྱོར་གྱི་ཡོད།
གཞོན་ནུ་ཚང་མས་ངེས་པར་དུ་གྲོང་ཁྱེར་ཆེན་པོར་འབད་འཐབ་བྱེད་དགོས་པའི་ངེས་པ་མེད། གལ་སྲིད་སྐབས་དེ་དུས་ང་རང་ཕ་ཡུལ་དུ་བསྡད་པའམ་ཡང་ན་དར་རྒྱས་ཆེ་བའི་ས་ཁུལ་དུ་བསྐྱོད་ཚེ་འཚོ་བའི་ཆ་རྐྱེན་ད་ལྟ་ལས་ཡག་པོ་ཡོད་སྲིད། འོན་ཀྱང་ས་ཆ་དེ་དག་ཏུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ག་ལ་ཐུབ། ས་མཐོའི་འབྲོག་པར་མཚོན་ན་ང་ཚོ་མེད་ན་ཡོང་ཐབས་མེད་པ་ཞིག་རེད། དེ་སྔོན་ཤང་དང་གྲོང་རྡལ་དུ་སྐྱོད་སྐབས་རི་ལམ་ཀྱག་ཀྱོག་ཏུ་ཆུ་ཚོད་ཁ་ཤས་འགྲོ་དགོས་ཀྱི་ཡོད། འོན་ཀྱང་ང་དང་ལས་རོགས་ཚོའི་སེམས་ནང་ས་ཆ་དེ་འདྲར་གལ་སྲིད་ང་ཚོ་མ་ཕྱིན་ཚེ་ཁོང་ཚོའི་ནད་གཞི་སུས་བཅོས་ཀྱི་རེད་དམ་སྙམ་གྱི་ཡོད། མང་ཚོགས་ཚོའི་བདེ་ཐང་ནི་ང་ཚོས་དཀའ་ལས་དུ་མ་བརྒྱབ་པའི་འབྲས་བུ་ཡག་ཤོས་ཤིག་རེད། འབྲོག་པ་ཚོས་ང་ཚོར་གུས་ཞབས་ཆེན་པོས་ཨེམ་ཆི་ལགས་ཞེས་འབོད་ཀྱི་ཡོད། ང་ཚོ་སྨན་བཅོས་བྱེད་པར་སྐྱོད་རིམ་བཞིན་ཁོང་ཚོས་མཐེ་བོང་བསྒྲེངས་ནས་ཡག་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།
ད་བར་ངས་དལ་བའི་རང་བཞིན་གྱི་འགོ་ནད་ཕོག་མཁན་8000ལྷག་ཙམ་ལ་སྨན་བཅོས་བྱས་པ་ཡིན། འདི་གའི་བབ་ཆགས་ལ་སེམས་བཟང་ཅན་གྱི་མི་རྣམས་དང་བྲེལ་འཚུབ་ཆེ་བའི་ལས་ཀ་དང་འཚོ་བ་ལས་ངའི་ལང་ཚོར་དེ་བས་བཀྲག་མདངས་བསྣན། 2023ལོར་གཟུགས་པོའི་རྐྱེན་གྱི་ང་རང་ལྷ་སར་ལས་སྒྱུར་བྱེད་དགོས་བྱུང་། འོན་ཀྱང་ངས་སྔ་ཕྱི་བར་གསུམ་དུ་གངས་ལྗོངས་ས་མཐོའི་བདེ་ཐང་བྱ་གཞག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ངེས་ཡིན།
(རྩོམ་པ་པོ་ནི་རྒྱལ་ཡོངས་ཀྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁག་དང་པོ་དང་བོད་ལྗོངས་ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་བཞི་པའི་སློབ་གྲྭའི་སྨན་པ་ཡིན། འདི་ག་ཚགས་པར་གྱི་གསར་འགོད་པ་ཤུས་ཡུས་ཡའོ་ཡིས་བཅར་འདྲི་བྱས་ནས་ལེགས་སྒྲིག་བྱས་པ)