མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་ཞུའེ་ཅན་ཧྭ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།
མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་ཞུའེ་ཅན་ཧྭ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞུའེ་ཅན་ཧྭ་ཡིས་ཕུགས་བསམ་དང་དད་སེམས་ཉམས་ནས་ཏང་གཤིས་བློ་སྦྱོང་དོར་བ་དང་། ཐོག་མའི་བསམ་འདུན་ནམ་འགན་འཁྲི་དང་རྒྱབ་འགལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་ཤུགས་ཞན་པ། ཏང་ལ་ལྷག་བསམ་རྣམ་དག་དང་གཞུང་དྲང་མི་བྱེད་པ། ཆབ་སྲིད་ཀྱི་གནད་དོན་ཚབས་ཆེན་ལྡན་པའི་དྲ་རྒྱའི་རྩོམ་ཡིག་ལྐོག་ཉར་དང་ལྟ་བ། དཔང་རྟགས་སྦས་པ། རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་མི་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་གཏོང་བ། སྒྲིག་འགལ་ངང་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་བྱས་པ་དང་འབྲེལ་གོ་སྐབས་དེ་དང་བསྟུན་ནས་རྒྱུ་ནོར་ལྐོག་ལེན་བྱེད་པ། གཞུང་དོན་ལག་བསྟར་དྲང་གཞག་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་ལ་ཞུགས་པ། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ། མི་གཞན་གོ་གནས་སྤོར་བ་དང་ལས་གནས་ལེགས་སྒྲིག་སོགས་བྱ་ཆེད་ཁེ་ཕན་དོན་གཉེར་བྱས་ནས་རྒྱུ་ནོར་ལེན་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ། དོ་དམ་ཞབས་ཞུ་བྱ་ཡུལ་གྱི་རླངས་འཁོར་གཡར་བ། གོ་གནས་སྤྱད་དེ་གཉེན་ཉེར་ཁེ་ཕན་རག་ཐབས་བྱེད་པ། དབང་ཆ་དང་ཆགས་སྲེད་བརྗེ་ཚོང་བྱེད་པ། ནང་མིར་དོ་དམ་མི་བྱེད་པ་དང་སློབ་གསོ་མི་རྒྱག་པ། རྒྱས་སྤྲོས་འཛད་སྤྱོད་དང་བག་མེད་ཆུད་ཟོས་ཀྱི་འཚོ་བ་སྐྱེལ་བ། འདོད་རྔམ་ཆེ་རུ་ཕྱིན་པ། སྤྱི་པའི་དབང་ཆ་སྒེར་གྱི་ཁེ་ཕན་གཉེར་བའི་ལག་ཆར་བརྩི་བ། རྣམ་གྲངས་འགན་གཙང་ལ་ཐེ་ཇུས་བྱས་ནས་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་ལེན་པ་བཅས་བྱས་ཡོད།
ཞུའེ་ཅན་ཧྭ་ཡིས“འགོ་གཙོ་དང་པོའི”འགན་ཡུན་རིང་འཁུར་རིང་། རང་ཉིད་ལ་བླང་བྱ་འདོན་རྒྱུ་ལྷོད་གཡེང་དུ་སོང་བ་དང་། སྒེར་གྱི་ཀུན་སྤྱོད་ལ་དོ་སྣང་མི་བྱེད་པ་དང་བཅའ་ཁྲིམས་སྒྲིག་ཁྲིམས་སྣང་མེད་དུ་གཏོང་བ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བ། ལས་ཐོག་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་ལེན་པའི་ཉེས་པ་བསགས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་མཚམས་དང་ཚོད་མི་བྱེད་པ། ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པ་བཅས་ཐག་གཅོད་ནན་པོ་བྱེད་དགོས་ངེས་ཡིན་པས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད་ཞུའེ་ཅན་ཧྭ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་ནས་ཁྲིམས་ལྟར་ཞིབ་བཤེར་སྒོས་ཁྲིམས་ལ་སྦྱོར་རྒྱུ་དང་རྒྱུ་ནོར་ཚང་མ་མཉམ་དུ་རྩིས་སྤྲོད་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།