ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་དབར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱི་གྲོས་མོལ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ།
ཚེས་21ཉིན། ཚོང་དོན་པུས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པར། ཟླ་5ཚེས་20ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་དམིགས་བསལ་ཚོགས་འདུ་དྲ་ཐོག་ནས་འཚོགས་པ་དང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་པུའུ་ཀྲང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱི་གྲོས་མོལ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།
ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། པར་གཞི་3.0གྱིས་རང་མོས་ཚོང་དོན་དང་སྒོ་དབྱེ་མཉམ་ལས་ལ་སྲུང་སྐྱོང་བྱེད་པར་རེ་འབོད་ཆེན་པོ་བྱ་རྒྱུ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་ཕན་ཚུན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་མ་འཇོག་རོགས་ཟླ་གལ་ཆེ་ཤོས་རེད་ལ། གཉིས་ཀ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཀྱང་རེད། པར་གཞི་3.0འཛུགས་པ་དེ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྔོན་ཐོབ་ཀྱི་དོན་ཚན་ཞིག་ཡིན་པའི་ཆ་ནས་དེ་ནི་ཕྱོགས་གཉིས་པོས་མཉམ་དུ་རང་མོས་ཚོང་དོན་ལ་སྲུང་སྐྱོང་དང་གཏིང་ཟབ་ཏུ་གཏོང་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་ལ་འགྲན་སློང་ཆེན་པོ་འཕྲད་པའི་དུས་བབ་འོག་ཕྱོགས་གཉིས་པོའི་དབར་ཕྱོགས་ཡོངས་ནས་གྲོས་མོལ་ལེགས་གྲུབ་བྱུང་བས་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་། རང་མོས་ཚོང་དོན་དང་སྒོ་དབྱེ་མཉམ་ལས་ཀྱི་སྐྱེ་སྟོབས་ཆེན་པོ་མངོན་ནས་ཁུལ་ཁོངས་དང་གོ་ལ་ཧྲིལ་པོའི་ཚོང་དོན་ལ་གཏན་འཁེལ་རང་བཞིན་དེ་བས་ཆེ་བ་ཡོང་རྒྱུ་དང་། རྒྱལ་ཁབ་ཁག་གིས་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱེད་པར་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།