དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་དགུ་པ་ཤིས་ཨན་དུ་འགོ་ཚུགས་པ།
ཚེས་21ཉིན། ཧྲའན་ཤིས་ཀྱི་ཤིས་ཨན་དུ་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་དགུ་པ་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཡུའེ་ཡུའེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་བྱས་པ་རེད།
ཧྲེན་ཡུའེ་ཡུའེ་ཡིས། སྐབས་འདིའི་དར་གོས་ལམ་བུའི་དངོས་མང་སྟོན་ཚོགས་ཀྱི་དམིགས་ཡུལ་ནི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སྒོ་དབྱེའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་སྔར་བས་བརྒྱབ་ནས། གཉིས་ཁེ་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་ཟབ་ཏུ་གཏོང་ཆེད་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཁག་དང་ཕན་ཚུན་སྦྲེལ་མཐུད་ཟབ་གཏོང་གིས་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་གཏུག་མཉམ་ལས་ཟབ་ཏུ་བཏང་ནས་སྒྲིག་སྲོལ་ཚད་གཞི་ཕན་ཚུན་ཁས་ལེན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་མཉམ་ལས་ཟབ་ཏུ་བཏང་ནས་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་དམངས་སེམས་མཛའ་མཐུན་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཁག་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།