སྡེ་ཚན་གཉིས་ཀྱིས་མཉམ་དུ་འཛད་སྤྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས་དོན།
ཚད་ལྡན་གྱི་ཐབས་ལམ་ནས་ཤིང་ཏོག་དང་སྔོ་ཚལ་ཉོ་བ་དང་ལྟ་ཞིབ་ཚད་ལེན་གྱི་མཚོན་རྟགས་ལ་དོ་ཁུར་བྱེད་དགོས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཟའ་བཅའི་གྲུབ་ཆ་མུ་མཐུད་ལེགས་སུ་འགྲོ་བ་དང་ཆབས་ཅིག ཤིང་ཏོག་དང་སྔོ་ཚལ་སོས་པ་སྤྱོད་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས། མི་དམངས་མང་ཚོགས་ཀྱིས“ཤ་ཚལ་སྒོང་གསུམ”དང“ཤིང་ཏོག”གི་སྤུས་ཚད་དང་བདེ་འཇགས་ལ་རྒྱུན་མཐུད་དོ་ཁུར་བྱེད་བཞིན་ཡོད། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པར་ཚད་ལྡན་གྱི་ཐབས་ལམ་ནས་ཤིང་ཏོག་དང་སྔོ་ཚལ་ཉོ་བ་དང་། ཞིང་སྨན་ལྷག་རོ་དང་སྐྱེ་དངོས་ཕྲ་རབ་ཀྱི་སྦགས་བཙོག་ཡོད་མེད་སོགས་ལྟེ་བའི་ལྟ་ཞིབ་ཚད་ལེན་གྱི་མཚོན་རྟགས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ། “ལྕེ་ཐོག་གི་བདེ་འཇགས”ཡག་པོ་སྲུང་དགོས་པའི་དྲན་སྐུལ་བྱས་པ་རེད།
འཛད་སྤྱོད་པས་ཤིང་ཏོག་དང་སྔོ་ཚལ་ཉོ་སྐབས། དེའི་ནང་ཞིང་སྨན་ལྷག་རོ་དང་སྐྱེ་དངོས་ཕྲ་རབ་ཀྱི་སྦགས་བཙོག་མེད་དམ་སྙམ་སྟེ་སེམས་ཁྲལ་བྱེད་བཞིན་ཡོད། ཤིང་ཏོག་དང་སྔོ་ཚལ་ཁྲོད་ཀྱི་ཞིང་སྨན་ལྷག་རོར་ཉེན་ཟོན་ཚད་གཞི་ཞིག་ཡོད་ཅིང་། དེ་ནི“ཞིང་སྨན་ལྷག་རོའི་ཚད་བཀག་ཚད་གཞི”རེད། རང་རྒྱལ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི《བཟའ་བཅའི་བདེ་འཇགས་ཐད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི། བཟའ་བཅའི་ཁྲོད་ཀྱི་ཞིང་སྨན་ལྷག་རོའི་ཚད་བཀག་ཆེ་ཤོས》(GB 2763-2021) དང《བཟའ་བཅའི་བདེ་འཇགས་ཐད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི། བཟའ་བཅའི་ཁྲོད་ཀྱི་ཏིང་སྐྱུར་ནཱ་ཚྭ་2དང་4སོགས་ཞིང་སྨན་རིགས་112ཀྱི་ལྷག་རོའི་ཚད་བཀག་ཆེ་ཤོས》(GB 2763.1-2022)ནང་། བཟའ་བཅའི་རིགས་376ཁྲོད་ཀྱི་ཞིང་སྨན་རིགས་586གི་ཞིང་སྨན་ལྷག་རོའི་ཚད་བཀག་ཚད་གཞི་ཁག་10293གཏན་འབེབས་གསལ་པོ་བྱས་ནས། རང་རྒྱལ་གྱིས་སྤྱོད་ཆོག་པའི་ཆོག་མཆན་སྤྲད་པའི་ཞིང་སྨན་རིགས་དང་རྩི་ཤིང་འབྱུང་ཁུངས་ཀྱི་ཞིང་ལས་ཐོན་རྫས་གཙོ་བོར་ཕྱོགས་ཡོངས་ནས་ཁྱབ་ཡོད། 2024ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ཞིང་ལས་ཐོན་རྫས་གཙོ་བོའི་ཞིང་སྨན་ལྷག་རོའི་ཚད་གཞི་ལོན་ཚད་98%ཟིན་ཡོད་པ་རེད། སྐྱེ་དངོས་ཕྲ་རབ་ཀྱི་སྦགས་བཙོག་སྔོན་འགོག་དང་ཚོད་འཛིན་ཐད། 《བཟའ་བཅའི་བདེ་འཇགས་ཐད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི། སྔོན་ཐུམ་བཟའ་བཅའི་ཁྲོད་ཀྱི་ནད་འབུའི་ཚད་བཀག》(GB 29921-2021)ནང་། འཕྲལ་ཟས་ཤིང་ཏོག་དང་སྔོ་ཚལ་ཐོན་རྫས་ཁྲོད་ཀྱི་ཧྲ་མོན་ཧྲི་སྲིན་དང་ལོང་གའི་ཨའེ་ཤིས་ཧྲི་སྲིན་སོགས་ནད་རྐྱེན་སློང་བའི་སྐྱེ་དངོས་ཕྲ་རབ་ལ་ཞིབ་བཤེར་བྱེད་མི་དགོས་པའི་གཏན་འབེབས་བྱས་ཡོད།
དེའི་ཐད་འཛད་སྤྱོད་པས་ལྟ་འདོམས་ཚད་གཞི་ནན་པའི་སྒོ་རྩིས་ཚོང་ཁང་ཚད་ལྡན་དང་། ཞིང་ཟོག་ཁྲོམ་ར། དྲ་ཚོང་ལས་སྟེགས་སོགས་བདམས་ནས་ཤིང་ཏོག་དང་སྔོ་ཚལ་འདེམས་ཉོ་བྱས་ཏེ། བདེ་འཇགས་ལ་འགན་ལེན་གང་ཐུབ་བྱེད་དགོས། འཛད་སྤྱོད་པས་ད་དུང་འཕྲལ་ཟས་ཧྲ་ལཱ་དང་ཤིང་ཏོག་སོས་པ་སོགས་ཀྱི་གྲང་ཕྲེང་གསོག་ཉར་ཆ་རྐྱེན་དང་སྤུས་ཚད་ཀྱི་འགན་ལེན་དུས་ཚད་ལ་དེ་བས་དོ་སྣང་ཆེན་པོ་བྱས་ནས། དུས་ཚོད་ཡོལ་བ་དང་ངོ་བོ་འགྱུར་བའི་ཐོན་རྫས་གཏན་ནས་ཟ་མི་རུང་།