དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲིམས་འཛིན་པུས་སྲིད་འཛིན་བསྐྱར་གྲོས་ཀྱི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་པ།

    སྲིད་འཛིན་བྱ་སྤྱོད་བསྐྱར་ཟློས་ལས་བྱུང་བའི་ཁེ་དབང་སྲུང་སྐྱོང་གི་མ་གནས་དམའ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲང་ཚུང་།   |     སྤེལ་དུས།  2025-05-24

    སྲིད་འཛིན་ལས་ཁུངས་ཞིག་གི་ཁྲིམས་སྒྱུར་མི་སྣས་ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བར། ཀུང་སི་ཞིག་གིས་གཉེར་སྐྱོང་བྱེད་པའི་གད་སྙིགས་ས་སྦས་གཏོང་ཡུལ་གྱི་སིམ་འཚག་གཤེར་ཁུ་གཙང་གསིང་སྒྲིག་ཆས་ཀྱི་སྒྲོམ་གཞིའི་འོག་གི་ཆུ་སྦུག་ཅིག་གས་ཤིང་། སྐར་མ་15ཙམ་མྱུར་བཟོ་བྱས་པ་བརྒྱུད། སྒྲིག་ཆས་རྒྱུན་གཏན་བཞིན་སླར་གསོ་བེད་སྤྱོད་ཐུབ་མོད། འོན་ཀྱང་ཡོངས་སུ་གཙང་གསིང་མ་ཐུབ་པའི་སིམ་འཚག་གཤེར་ཁུ་ཆ་ཤས་ཕྱིར་ཤོར་ཡོད། ཕྱི་ཉིན། སྲིད་འཛིན་ཁྲིམས་སྒྱུར་སྡེ་ཚན་གྱིས་དཔེ་ལེན་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། དེའི་ནང་ཆུའི་སྦགས་བཙོག་དངོས་པོ་ཚད་ལས་བརྒལ་ནས་འབུད་གཏོང་བྱས་པའི་བྱེད་སྤྱོད་ཡོད་པ་མངོན་པས། ཀུང་སི་དེར་དངུལ་ཆད་སྒོར་ཁྲི་10.7བཏང་བ་དང་། ཀུང་སི་དེས་ཁས་མ་བླངས་པར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུས་པ་རེད།

    སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། གྱོད་དོན་འདིའི་རྩོད་གཞིའི་གནད་འགག་ནི་སྲིད་འཛིན་ཆད་གཅོད་ཀྱིས་ཐག་བཅད་པའི་དངུལ་ཆད་ཀྱི་གྲངས་འབོར་དེ་ཁྲིམས་མཐུན་དང་འོས་འཚམ་ཡིན་མིན་དེ་རེད། གྱོད་དོན་འདིའི་ནང་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ཆད་གཅོད་བྱས་པའི་དོན་དངོས་ཁ་གསལ་བ་དང་། དཔང་རྟགས་ཁུངས་བཙན་པ། ཆད་གཅོད་ཀྱི་གཞི་འཛིན་ས་ཡང་དག་པ། གོ་རིམ་ཁྲིམས་དང་མཐུན་པ་བཅས་ཡིན་མོད། འོན་ཀྱང་། ཀུང་སི་དེའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་རྒྱུན་མཐུད་དུས་ཚོད་དང་། བཅོས་སྒྲིག་བྱེད་སེམས་ཀྱི་རྣམ་འགྱུར། བཅོས་སྒྲིག་བྱ་ཐབས། བཅོས་སྒྲིག་གི་ཕན་འབྲས། དེ་བཞིན་སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་མ་བྱས་སྟབས། ཀུང་སི་དེར་སྲིད་འཛིན་ཆད་པ་བཅད་པ་དེ་ཆད་གཅོད་ཚད་གཞི་འོས་འཚམ་མིན་པའི་ཁོངས་སུ་གཏོགས་པའི་ངོས་འཛིན་བྱས་པ་རེད། དེར་བརྟེན། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཆད་གཅོད་ཚད་གཞི་ལེགས་སྒྲིག་ལུགས་མཐུན་བྱས་ཏེ། དངུལ་ཆད་སྒོར་ཁྲི་10.7ནས་སྒོར་ཁྲི་5བར་ཉུང་དུ་བཏང་ནས། བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་པ་དང་འབྲེལ། ཁེ་ལས་ལ་ཁྲིམས་བཞིན་ཐོན་སྐྱེད་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་དང་། སྲིད་འཛིན་ཁྲིམས་སྒྱུར་ལ་ཤུགས་ཚད་ཡོད་ལ་བརྩེ་སེམས་ཡང་ལྡན་པར་བྱས་པ་རེད།

    ཉེ་ཆར། ཁྲིམས་འཛིན་པུས་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་དཔེ་མཚོན་གྱོད་དཔེ་ཁག་བདུན་པ་ཁྱབ་བསྒྲགས་བྱས་ཤིང་། གོང་གསལ་གྱི་གྱོད་དཔེ་ནི་དེའི་ནང་གི་གྲས་ཤིག་རེད། ཁག་དེར་དཔེ་མཚོན་གྱོད་དཔེ་ཁྱོན་5ཡོད་པ་དེ་དག་ཚང་མ་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གནས་ཚུལ་མི་འདྲ་བར་གཞིགས་ནས་གཏན་འབེབས་ལེགས་སྒྲིག་བྱས་པ་ཤ་སྟག་ཡིན་པ་དང་། དེ་ལས་སྲིད་འཛིན་བསྐྱར་གྲོས་ཀྱིས་སྲིད་འཛིན་བྱ་སྤྱོད་ལ་ལྟ་སྐུལ་ནུས་ལྡན་བྱས་ནས། སྲིད་འཛིན་ལས་ཁུངས་ཀྱི་དྲང་གཞག་དང་ཡ་རབས་ངང་ཁྲིམས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་མཚོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།