2025ལོའི་གནམ་མཚོ་ཕྱུག་མོ་དར་ཁ་ཕྱེ་བའི་ཉིན་མོར།
རང་བྱུང་ཁམས་དང་མི་ཆོས་རིག་གནས་གཅིག་ལ་གཅིག་གིས་བརྒྱན།
མང་ཚོགས་ཀོ་གྲུར་བསྡད་ནས་མཚོ་ངོས་སུ་སྐྱོད་བཞིན་པ།
དར་ཁ་ཕྱེ་བའི་ཉིན་མོའི་སྔ་ནུབ་ཏུ་འདམ་གཞུང་དུ་འཚོགས་པའི་མེ་ཕུང་སྒོར་གཞས་དགོང་ཚོགས་ཀྱི་རྣམ་པ་ཡིན་པ།
ཡུལ་སྐོར་བས་གནམ་མཚོའི་ངོགས་སུ་པར་རྒྱག་བཞིན་པ།
གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་གཡག་ཡིན་པ།
གནམ་མཚོའི་ཆུ་ངོས་སུ་ཅི་དགར་རོལ་བཞིན་པའི་སྐྱར་མོ་མགོ་སྨུག་ཡིན་པ།
དར་ཁ་ཕྱེ་བའི་ཉིན་མོར་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།
ཆུ་ཤུར་རྫོང་གི་མང་ཚོགས་ཀྱིས་ཀོ་གྲུ་ངོམ་སྟོན་བྱེད་པ།
གནམ་མཚོའི་ངོགས་སུ་ལྷ་མོ་འཁྲབ་བཞིན་པ།
ས་བབ་མཐོ་ཚད་ལ་སྨི་4718ཡོད་པའི་གནམ་མཚོའི་ངོགས་སུ་2025ལོའི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་མི་རྣམས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་བསུས། ཟླ་5ཚེས་19ཉིན་གྱི་ཞོགས་པའི་ཉི་ཟེར་ཐོག་མ་སྤྲིན་རིམ་བར་ནས་འཕྲོས་པ་དང་ཆབས་ཅིག་འཁྱགས་པས་བསྡམས་པའི་མཚོ་ངོས་ཀྱི་དར་ཁ་རིམ་བཞིན་ཕྱེ་བ་དང་གསེར་མདོག་གི་ཉི་འོད་དང་སྔོ་ཐིང་ཐིང་གི་མཚོ་ངོས་གཉིས་གཅིག་ལ་གཅིག་གིས་བརྒྱན་པ་དང་དུས་མཚུངས་རང་བྱུང་ཁམས་དང་མི་ཆོས་རིག་གནས་མཉམ་འདྲེས་ཀྱི་མཛད་སྒོ་གཟབ་རྒྱས་འགོ་ཚུགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ཐད་གཏོང་ལྟ་མཁན་དྲ་གྲོགས་དང་མཉམ་དུ་གནམ་མཚོའི་དར་ཁ་རིམ་གྱིས་ཞིག་ནས་རྦ་རླབས་མཁའ་རུ་འཕྱོ་བའི་བརྗིད་ཉམས་ཀྱི་རྣམ་པར་ཐུན་མོང་ཐོག་དཔང་པོ་བྱས་པ་རེད།
ཞོགས་པའི་ཆུ་ཚོད་9པར། ཐད་གཏོང་བརྙན་རིས་ལས་གནམ་མཚོའི་དུས་བཞིའི་ཡུལ་ལྗོངས་ཀྱི་བརྙན་ཐུང་སྟེ། ཉི་ཤར་ཉི་ནུབ་དང་དུས་བྱ་གནས་སྤོས་ཀྱི་རྣམ་པ་བསྟན་པ་དང་། བརྙན་ཐུང་ནང་རང་བྱུང་ཁམས་བརྗོད་བྱར་བཟུང་ནས་གནམ་མཚོའི་ཉམས་འགྱུར་སྣ་ཚོགས་བཀོད་ཡོད། དེ་རྗེས་སྐབས་གོང་མའི་དར་ཁ་ཕྱེ་བའི་དུས་ཆེན་གྱི་ལྟད་མོ་ཆེ་བའི་རྣམ་པ་དག་བསྐྱར་དུ་བསྟན་ནས་སྤྲོ་སྣང་གིས་ཁེངས་པའི་རྣམ་པ་དང་དེང་གི་དར་རྒྱས་ཆེ་བའི་རྣམ་པ་ཕན་ཚུན་ཟུང་འབྲེལ་གྱིས་མི་རྣམས་ཀྱིས་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོར་བཅངས་པའི་རེ་སྒུག་བཟང་པོ་མངོན་པ་རེད།
ཆུ་ཚོད་10དང་སྐར་མ་30ཙམ་ལ། མཚོ་ངོགས་ཀྱི་མཉམ་འགུལ་བྱེད་སྒོ་དེ་བག་ཕེབས་ངང་གླེང་མོལ་བྱེད་པའི་རྣམ་པའི་ཐོག་ནས་འགོ་ཚུགས་པ་དང་། ལྟད་མོ་བ་ཚོར་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོའི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་དམངས་སྲོལ་གྱི་ནང་དོན་གསལ་འགྲེལ་བརྒྱབ་པ་རེད། “དར་ཁ་ཕྱེ་བ”ལས་སྐྱེ་དངོས་ཡོད་དོ་ཅོག་ལ་གསོན་ཤུགས་རྒྱས་པ་མཚོན་པའི་རིག་གནས་ཀྱི་ནང་དོན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་འཚོལ་ཞིབ་བར། བགྲོ་གླེང་གི་ནང་དོན་གཏིང་ཟབ་ཅིང་གོ་བདེ་བ་མ་ཟད། མི་ཆོས་རིག་གནས་ཀྱི་དྲོད་འཁོལ་འཁྱིལ་ཡོད། ཆུ་ཚོད་11ཏག་ཏག་ལ་དར་ཁ་ཕྱེ་བའི་མཛད་སྒོའི་མཐོ་རླབས་འཕྱུར་ཞིང་། སྤྱོད་གྲགས་གཉིས་ལྡན་གྱི་རྒན་རྒོན་གཉིས་ཀོ་གྲུར་བསྡད་དེ་མཚོ་སྙིང་ནས་ཆུ་ཕུད་བླངས་ཏེ་སྲོལ་རྒྱུན་གྱི་རྒྱན་གོས་བཀླུབས་པའི“ཉི་འོད་ལྷ་མོ”དང་མཉམ་དུ་སྨོན་ལམ་འདེབས་པའི་ཆོ་ག་བསྒྲུབས།
2025ལོའི་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་ནི་རང་བྱུང་ཁམས་ཀྱི་ངོ་མཚར་ཆེ་བའི་རྣམ་པ་ཞིག་ཡིན་པ་མ་ཟད། དེ་བས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་གར་སྟེགས་ཤིག་ཀྱང་རེད། འཁྱགས་པ་གས་པའི་ལྡིར་སྒྲ་ནས་སྒོར་གཞས་འཁྲབ་པའི་སྤྲོ་སྣང་བར་དང་། གནའ་བོའི་ཤོད་རྒྱུན་ནས་ལང་ཚོའི་དམ་བཅའ་བར། མཛད་སྒོ་གཟབ་རྒྱས་འདིར་གནམ་མཚོ་ཕྱུག་མོ་རྒྱབ་ལྗོངས་སུ་བྱས་ནས་སྲོལ་རྒྱུན་དང་དེང་རབས་མཉམ་གནས་དང་སྐྱེ་ཁམས་དང་མི་ཆོས་རིག་གནས་མཉམ་འདྲེས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མཚོན་ཡོད། ཡུལ་སྐོར་བ་ཞིག་གིས“འདི་གའི་རྣམ་པ་རེ་རེ་ནི་ཚེ་སྲོག་དང་དགའ་ཞེན་ལ་མཆོད་བསྟོད་བྱས་པ་ཞིག་རེད་འདུག”ཅེས་བརྗོད་པ་དང་། མཆོད་བསྟོད་དེ་ནི་གནམ་མཚོ་ཕྱུག་མོའི་དཔྱིད་ཀྱི་རྦ་རླབས་དང་འགྲོགས་ནས་རྒྱང་རིང་གི་ཕྱོགས་སུ་རྒྱུག་བཞིན་མཆིས།