ལས་བྱེད་པ་གཡར་འཐེན་ཚད་ལྡན་དུ་བཏང་རྗེས།
གཞི་རིམ་ཚན་པ་བློ་བདེ་རུ་ཕྱིན་པ་དང་ལས་དོན་སྒྲུབ་པའི་ཧུར་སེམས་ཆེ་རུ་ཕྱིན་པ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཕིང་ཧུའུ་གྲོང་ཁྱེར་དུ་ལོ་29ལ་སླེབས་པའི་ཀྲང་ཝེ(འགྱུར་མིང)གཡར་འཐེན་ལས་དོན་མཇུག་འགྲིལ་ནས་དེ་སྔའི་ལས་གནས་སུ་ལོག་སྟེ་བློ་བདེ་པོས་གཞི་རིམ་གྱི་ལས་དོན་སྒྲུབ་པར་གཞོལ།
2023ལོའི་ལོ་སྨད་དུ་མ་གཞི་ཕིང་ཧུའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་པའི་ཀྲང་ཝེ་ཕིང་ཧུའུ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དོན་ཚན་ཁག་ཏུ་གཡར་འཐེན་བྱས། “གཡར་འཐེན་བྱས་ན་གོང་རིམ་སྡེ་ཚན་དང་འབྲེལ་བ་ཡག་ཏུ་འགྲོ་བ་མ་ཟད། སོ་སོའི་འཇོན་ཐང་ཡང་ཆེ་རུ་འགྲོ་བར་བསམ་གཞིག་བྱས་ནས་ངས་རེའུ་མིག་བརྒྱངས་པ་ཡིན” ཀྲང་ཝེ་ཡི་བསམ་པར་གཡར་འཐེན་ནི་སོ་སོར་སྦྱོང་བརྡར་བྱེད་པའི་གོ་སྐབས་ཡག་པོ་ཞིག་རེད་སྙམ།
ཡིན་ནའང་ལས་ཀ་བྱེད་ཀྱིན་སེམས་པ་མ་སྐྱིད་པའི་གནས་ཚུལ་ཡང་ཡང་ཐོན་ཡོད། ཀྲང་ཝེ་ཡིས་ཤེས་རྟོགས་བྱུང་བར། ཕྱོགས་གཅིག་ནས་དུས་རྒྱུན་དུ་རེའུ་མིག་རྒྱོང་པ་སོགས་ལས་ཀ་རྩག་རྩིག་ཡིན་པས་འཇོན་ཐང་ཆེ་རུ་འགྲོ་མི་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་གཡར་འཐེན་བྱེད་རིང་དེ་སྔའི་ཚན་པའི་ལས་ཀ་ལས་རོགས་གཞན་ལ་བགོས་ཀྱི་ཡོད་པས། ཚང་མའི་འཁུར་པོ་ལྕི་རུ་ཕྱིན་ཡོད། ཀྲང་ཝེ་ཡིས“དེ་སྔའི་ཚན་པའི་ལས་ཀ་ཁག་གཅིག་རང་ཉིད་ལ་རྒྱུས་མངའ་ཆེ་ཤོས་ཡོད་པས་སྐབས་འགར་ད་དུང་ཕྱོགས་གཉིས་ཀའི་ལས་ཀ་བྱེད་དགོས་ཀྱི་འདུག”ཅེས་བཤད།
ལས་བྱེད་པ་གཡར་འཐེན་གྱི་ལས་ཀ་ཚད་ལྡན་དུ་བཏང་བས་དོན་དག་འདིར་འགྱུར་ལྡོག་བྱུང་ཡོད།
ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》ནང“གོང་རིམ་ལས་ཁུངས་དང་ཚན་པས་རྩ་དོན་ཐོག་རྫོང་དང་དེ་མན་གྱི་ཚན་པ་ནས་ལས་བྱེད་པ་གཡར་འཐེན་བྱེད་མི་ཆོག”ཅེས་ཁ་གསལ་བཀོད་ཡོད། གཏན་འབེབས་དེར་གཞིགས་ནས་ཀྲེ་ཅང་ཞིང་ཨུད་རྩ་འཛུགས་སྡེ་ཚན་གྱིས་གཡར་འཐེན་ལས་དོན་ལ་ཚད་གཞི་ནན་པོ་བཟོས་ནས་གཡར་འཐེན་བྱ་སྤྱོད་ལ་བླང་བྱ་དེ་བས་ཞིབ་ཕྲ་བཏོན་ཡོད།
ཕིང་ཧུའུ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཆེན་གྱི་བླང་བྱ་དང་བསྡུར་བ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་གྲངས་གཞི་དང་བསྡུར་ནས་ལས་བྱེད་པ་གཡར་འཐེན་བྱ་སྤྱོད་ཚད་ལྡན་ནན་པོ་བྱས་ཡོད། ཕིང་ཧུའུ་གྲོང་ཨུད་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཞུན་གྱིས་ངོ་སྤྲོད་བྱས་པར“‘ཀྲེ་ཅང་གི་སྲིད་དོན་གླེང་བ’ནི་ཀྲེ་ཅང་གི་རིམ་ཁག་གཞུང་ཞབས་པའི་འབྲེལ་མཐུད་མཐུན་སྦྱོར་ལས་སྟེགས་ཡིན་པ་དང་། མི་སྣ་གཡར་འཐེན་བྱེད་སྐབས་ལས་སྟེགས་ཀྱིས་འབྲེལ་ཡོད་ས་ཁུལ་གྱི་རྩ་འཛུགས་སྡེ་ཚན་ལ་གསལ་འདེབས་བྱེད་ཀྱི་ཡོད། གལ་ཏེ་གཡར་འཐེན་གྱི་གཏན་འབེབས་དང་མི་མཐུན་ཚེ་འབྲེལ་ཡོད་བྱ་སྤྱོད་དེ་འཕྲལ་དུ་མཚམས་འཇོག་བྱེད་ཀྱི་ཡོད། ལས་སྟེགས་ཐོག་གྲལ་བཤེར་བྱས་པ་བརྒྱུད་རྩ་འཛུགས་སྡེ་ཚན་གྱིས་ཀྲང་ཝེ་ཡི་ལས་གནས་ཆ་འཕྲིན་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ནས་བརྟག་དཔྱད་དང་འདྲི་རྩད་བྱས་རྗེས། ཀྲང་ཝེ་ཡིས་བླང་བྱ་ལྟར་གཡར་འཐེན་ལས་དོན་མཇུག་འགྲིལ་ནས་སེམས་ནུས་ཡོད་ཚད་རང་ཉིད་ཀྱི་ལས་གནས་ཐོག་བཞག་ཡོད”ཅེས་བཤད།
མིག་སྔར། ཀྲེ་ཅང་ཞིང་ཆེན་གྱིས་ལས་བྱེད་པ་གཡར་འཐེན་ཚད་ལྡན་ནན་པོ་བྱས་ཏེ། གཡར་འཐེན་བརྒྱུད་རིམ་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ།“མཉམ་ཞུགས་སློབ་སྦྱོང”སོགས་མངོན་མེད་རྣམ་པའི་ཐོག་ནས་སྒྲིག་འགལ་གྱིས་ལས་བྱེད་པ་གཡར་འཐེན་བྱེད་རིགས་གཏན་འགོག་ནན་པོ་བཅས་བྱས་ནས་གཞི་རིམ་གྱི་ཁུར་པོ་སྔར་བས་ཡང་དུ་བཏང་ཡོད།