《གཡོག་མོ》ཞེས་པའི་འཁྲབ་ཚན་གྱི་གཙོ་འཁྲབ་པ་དང་པར་ཙིར་གྱི་འཁྲབ་སྟོན་པ་སང་ཐུའོ་སིས་ཀྲུང་གོའི་དབར་གྱི་ལས་འབྲེལ་སྐོར་གླེང་བ།
“ང་ནི་ལམ་འགྲོ་རྒྱུགས་པའི་མི་དཀྱུས་མ་ཞིག་ཡིན། ངའི་གྲུབ་འབྲས་འདི་དག་ནི་པར་ཀྲུང་རིག་གནས་སྤེལ་རེས་ལས་བྱུང་བ་ཡིན”
འདི་ནི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《གཡོག་མོ》ཞེས་པའི་རྒྱ་ཁྱབ་བརྡ་སྦྱོར་ཡིན་པ།
འདི་ནི་1985ལོར་སང་ཐུའོ་སིར་ཀྲུང་གོའི་དམངས་ཚོགས་བརྙན་འཕྲིན་གྱི་གསེར་གྱི་གླག་རྒོད་བྱ་དགའི་ཕྱི་རྒྱལ་གྱི་བུད་མེད་གཙོ་འཁྲབ་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ།
འདི་ནི་2023ལོར་སང་ཐུའོ་སིས་ཀྲུང་གོ་དང་པར་ཙིར་གྱི་གློག་བརྙན་འགྲེམས་སྟོན་སྐབས་གཉིས་པར་ཤིས་ཚིག་བརྗོད་བཞིན་པ། གོང་གསལ་པར་རིས་ཚང་མ་བཅར་འདྲི་དང་ལེན་བྱེད་མཁན་གྱིས་མཁོ་འདོན་བྱས།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་མཚན་མོ་རེ་རེར། ཀྲུང་གོའི་ཁྱིམ་ཚང་མང་པོར་ནང་མི་རྣམས་བརྙན་འཕྲིན་གྱི་མདུན་དུ་བསྡད་ནས་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《གཡོག་མོ》ལྟ་གི་ཡོད། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་འདིའི་ནང་དོན་ནི་རྒྱང་རིང་གི་པར་ཙིར་དུ་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་ཡིན་ཞིང་། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྲུང་གོར་ནང་འདྲེན་བྱས་པའི་ཕྱི་རྒྱལ་གྱི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ཁག་དང་པོའི་གྲས་ཤིག་ཡིན་པ་དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དེ་གཟའ་འཁོར་རེར་ལེའུ་གཅིག་ལས་མ་བསྟན་ཡང་དམངས་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། འཁྲབ་ཚན་དེའི་ནང་གི་བུད་མེད་མི་སྣ་གཙོ་བོ་དབྱི་ཙུའོ་ལཱ་སེམས་པ་བཟང་ཞིང་གཟུགས་བྱད་མཛེས་ལ། གཉའ་གནོན་ཚད་མེད་ཕོག་ཀྱང་ཁོ་མོས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱས། ཁོ་མོའི་བློ་རྩ་བརྟན་པོས་ཀྲུང་གོའི་ལྟད་མོ་བ་རྣམས་ལ་སེམས་འགུལ་རབ་ཏུ་ཐེབས་ཏེ། ཀྲུང་གོར་དབྱི་ཙོ་ལཱ་འཁྲབ་མཁན་པར་ཙིར་གྱི་འཁྲབ་སྟོན་པ་ལུའུ་སའེ་ལི་ཡཱ·སང་ཐུའོ་སི་ངོ་མི་ཤེས་མཁན་ཧ་ལམ་མེད་པ་རེད།
ལོ་40ལྷག་ཕྱིན་མོད། འདི་ག་ཚགས་པར་གྱི་གསར་འགོད་པས་པར་ཙིར་གྱི་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་རུ་སང་ཐུའོ་སི་དང་གླེང་མོལ་བྱེད་སྐབས། ཁོང་གིས་སྔར་སོང་གི་བྱ་བ་མང་པོ་ད་དུང་ཡང་གསལ་པོར་ཤོད་རྒྱུ་ཡོད་ཅིང་། “བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དེས་མི་རྣམས་ལ་སེམས་འགུལ་ཐེབས་དོན་ནི་གཏམ་རྒྱུད་རང་ངོས་ཀྱི་ནུས་པ་ཁོ་ན་མ་ཡིན་པར། དབྱི་ཙུའོ་ལཱ་ནི་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་འབད་བརྩོན་བྱེད་མཁན་མི་ཁྲི་སྟོང་མང་པོའི་མཚོན་བྱེད་དུ་གྱུར་ནས། རྒྱལ་ཁབ་དང་མི་རིགས་ལས་བརྒལ་བའི་བརྩེ་བ་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པས་རེད། དེའི་རྐྱེན་གྱིས་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དེས་ཀྲུང་གོའི་ལྟད་མོ་བ་ཁྲི་སྟོང་མང་པོར་སེམས་འགུལ་ཐེབས་པ་རེད། 1985ལོར་ང་རང་ལ་ཀྲུང་གོའི་དམངས་ཚོགས་བརྙན་འཕྲིན་གྱི་གསེར་གྱི་གླག་རྒོད་བྱ་དགའི་ཕྱི་རྒྱལ་གྱི་བུད་མེད་གཙོ་འཁྲབ་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་མ་ཟད། གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཕྱི་རྒྱལ་གྱི་བུད་མེད་འཁྲབ་སྟོན་པ་དང་པོར་གྱུར་པ་ཤེས་འཕྲལ་ང་རང་ཡང་ཧ་ཅང་དགའ་པོ་བྱུང་ལ་སེམས་འགུལ་ཚད་མེད་ཀྱང་ཐེབས་བྱུང”ཞེས་བཤད།
ཀྲུང་གོར་ཐེངས་དང་པོར་ཡོང་རིང་། སང་ཐུའོ་སི་པེ་ཅིང་དང་། ཧྲང་ཧའེ། སུའུ་ཀྲོའུ་སོགས་སུ་བསྐྱོད་པ་དང་། ཀྲུང་གོའི་ལོ་རྒྱུས་རིག་གནས་ལས་ཁོ་མོའི་ཡིད་དབང་རྦད་དེ་བཀུག ཁོ་མོས་དེ་ནི་མ་གཞི་ཕྱི་རྒྱལ་གྱི་འགྲུལ་བཞུད་ཐུང་ངུ་ཞིག་ཡིན་བསམ་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་ནས་བཟུང་ཁོ་མོ་དང་པར་ཀྲུང་མཛའ་གྲོགས་བྱ་གཞག་དབར་ལས་འབྲེལ་གྱི་མདུད་པ་ཐེབས་པ་རེད། དེ་རྗེས་ཧ་ལམ་ལོ་40ཙམ་གྱི་རིང་། ཁོ་མོས་པར་ཀྲུང་གཉིས་དབར་ཕར་འགྲོ་ཚུར་འོང་བྱས་ནས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བ་རེད།
མིག་སྔའི་རྒྱལ་ཁབ་གཉིས་པོའི་དབར་གྱི་རིག་གནས་སྤེལ་རེས་སྐོར་གླེང་སྐབས། སང་ཐུའོ་སིས“ད་ཆ་པར་ཀྲུང་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚོར་དེ་བས་སྔོན་ཐོན་གྱི་གྲངས་འཛིན་ཡོ་བྱད་ཡོད་པ་དང་དེ་ནས་འབྲེལ་ལམ་ལས་སྟེགས་དང་། རྒྱུན་ཁྲིགས་སྨྱན་སྦྱོར། རྒྱལ་སྒྲོལ་པར་ལེན་སོགས་བྱས་ནས། རྒྱལ་ཁབ་གཉིས་པོའི་རིག་གནས་མཉམ་ལས་ཀྱི་ཁྱབ་ཁོངས་ཧ་ཅང་ཆེ་རུ་ཕྱིན་ཡོད”ཅེས་བཤད། ཉེ་བའི་ལོ་ཤས་རིང་རྒྱ་ཟས་དང་། ཀྲུང་ལུགས་གསོ་རིག ཐའེ་ཅི་དྲག་རྩལ། ཅིན་ཅུས་ཁྲང་ཞི་སོགས་ཀྲུང་གོའི་རིག་གནས་གཞི་རྒྱུར་པར་ཙིར་དུ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ། ཀྲུང་གོའི་དམངས་ཚོགས་ཀྱིས་ཀྱང་སང་པཱ་སྒྱུ་རྩལ་དང་། དགའ་ནེའུ་དུས་ཆེན། པར་ཙིར་གྱི་སྒྲུང་གཏམ་སོགས་ལའང་རྒྱུས་མངའ་ཇེ་ཆེར་འགྲོ་བཞིན་ཡོད། སང་ཐུའོ་སིས“པར་ཀྲུང་རྒྱལ་ཁབ་གཉིས་པོ་སྔ་མོ་ནས་ཕན་ཚུན་རྒྱུས་ལོན་བྱུང་ཞིང་། རིག་གནས་སྤེལ་རེས་མི་སེམས་སུ་ཟུག་ནས་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཇེ་ཟབ་ཏུ་འགྲོ་བཞིན་ཡོད”ཅེས་བཤད།
ལོ་40ལྷག་ཙམ་འདས་ཀྱང་། ཀྲུང་གོའི་ལྟད་མོ་བ་མང་པོ་ཞིག་གིས་སྔར་བཞིན་གཤིས་རྒྱུད་འཇམ་ཞིང་ཡིད་དབང་འཕྲོག་པའི་དབྱི་ཙུའོ་ལཱ་གཏན་ནས་བརྗེད་མེད། སང་ཐུའོ་སིས་ཀྱང་ཀྲུང་གོར་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱི་བརྩེ་བ་ཞིག་བཅངས་ཤིང་། “ང་ཀྲུང་གོར་དགའ། ང་ཀྲུང་གོའི་མི་དམངས་ལ་དགའ། ང་ཀྲུང་གོའི་རིག་གནས་ལ་དགའ། ང་ནི་ལམ་འགྲོ་རྒྱུགས་པའི་མི་དཀྱུས་མ་ཞིག་ཡིན། པར་ཀྲུང་རིག་གནས་སྤེལ་རེས་ལས་ངའི་གྲུབ་འབྲས་འདི་ཐོབ་པ་ཡིན”ཞེས་ཤོད་ཀྱི་ཡོད།
(འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་འབྱོར་བའི་གློག་འཕྲིན)