ཆུ་ཚད་མཐོ་བའི་ཀྲུང་ཙམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ།
འདི་ལོ་ནི་ཀྲུང་གོ་དང་ཙམ་པབ་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་རེད། ལོ་45རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་སྣེ་ཁྲིད་འོག ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་དང་མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
འདུ་ཤེས་འདྲ་མཚུངས་དང་ཕན་ཚུན་ཡིད་ཆེས་བརྟན་པ་ནི་ཀྲུང་ཙམ་འབྲེལ་བའི་ལེགས་ཆ་ཆེ་ཤོས་ཡིན། ཀྲུང་ཙམ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཅིང་། དུས་རབས་20པའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པར་ཙམ་པབ་ཝེའི་མི་དམངས་ཀྱིས་མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་རང་བཙན་དོན་གཉེར་བྱེད་པའི་དྲང་བདེན་འཐབ་རྩོད་ལ་ཀྲུང་གོས་རོགས་སྐྱོར་བྱས་ཡོད། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙམ་པབ་ཝེ་ལ་རྒྱལ་དོན་འཚམས་འདྲི་གནང་སྐབས་ཀྲུང་གོ་དང་ཙམ་པབ་ཝེ་ནི་དུས་དང་རྣམ་པ་ཀུན་གྱི་གྲོགས་པོ་ངོ་མ་ཡིན་ཞེས་གསུངས་ཤིང་། 2018ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་ཙམ་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡག་ཐོག་ཡག་བརྩེགས་ཡོང་བར་སྐུལ་འདེད་བཏང་བ་རེད།
ཀྲུང་ཙམ་གྱི་དངོས་སྒྲུབ་མཉམ་ལས་ལ་གསོན་ཤུགས་རྒྱས་ནས་ཐུན་མོང་འཕེལ་རྒྱས་ཀྱི་ཉམས་བཟང་བཏོད་ཅིང་། རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་ལ་འབྲེལ་མཐུད་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་དེང་རབས་ཅན་མངོན་འགྱུར་གྱི་རྒྱང་ལམ་དུ་ལག་གདང་སྦྲེལ་ནས་སྐྱོད་བཞིན་ཡོད། ད་ཆ་ཀྲུང་གོ་ནི་ཙམ་པབ་ཝེ་ཡི་ཕྱི་ཕྱོགས་མ་རྩ་ཡོང་སའི་རྒྱལ་ཁབ་དང་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་ཡོད། 2024ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་38ཟིན་པ་དེ་དུས་མཚུངས་ལས་23.9%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཀྲུང་ཙམ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཕུན་སུམ་ཚོགས་ཤིང་། དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ་བསྐྲུན་ཡོད། ཙམ་པབ་ཝེ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་རིམ་རྩིས་བརྒྱབ་ན་སློབ་མ་ཁྲི་1.6ལྷག་ཙམ་གྱི་ཡིད་དབང་བཀུག་པ་དང་། ཙམ་པབ་ཝེའི་གཞོན་ནུ་ལོ་ཆུང་གིས་ཕྱི་རྒྱལ་སྐད་ཡིག་སྦྱོང་དུས་གདམ་ཀ་མང་ཤོས་བྱེད་པའི་གྲས་སུ་རྒྱ་ཡིག་ཚུད་ཡོད། 1985ལོ་ནས་བཟུང་ཀྲུང་གོས་སྔ་རྗེས་སུ་ཙམ་པབ་ཝེར་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་ཐེངས་22མངགས་པ་དང་། ཀྲུང་གོའི་སྨན་པ་200ལྷག་ཙམ་གྱིས་ཁྱད་དུ་འཕགས་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་རིམ་རྩིས་བརྒྱབ་ན་ནད་པ་ཁྲི་9.3སྐྱོབ་བཅོས་བྱས་ཡོད། ཀྲུང་གོའི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་ཙམ་པབ་ཝེ་རུ“འོད་སྣང་བྱ་སྤྱོད”རྣམ་གྲངས་ལག་བསྟར་བྱས་ནས། སྐྱ་འགྲིབ་ཕོག་པའི་ནད་པ་1400ལྷག་ཙམ་ལ་སླར་ཡང་འོད་སྣང་སྦྱིན་ཡོད། སློབ་གསོ་དང་། མི་ཤུགས་ཐོན་ཁུངས་ཀྱི་གསོ་སྦྱོང་། ཡུལ་སྐོར་སོགས་ཁྱབ་ཁོངས་སུའང་ཀྲུང་ཙམ་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་བྱུང་ཡོད།
2018ལོ་ནས་བཟུང་ཙམ་པབ་ཝེའི་སློབ་མ་3200ཙམ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བ་དང་། ཙམ་པབ་ཝེའི་ལས་རིགས་ཁག་གི་མི་སྣ་2000ལྷག་ཙམ་ཀྲུང་གོར་དུས་ཐུང་གསོ་སྦྱོང་ནང་ཞུགས་པ། ཡུལ་སྐོར་བ་ཁྲི་ཕྲག་ཁ་ཤས་ཀྲུང་གོར་ལྟ་སྐོར་དུ་ཡོང་ཡོད། རྒྱལ་ཁབ་གཉིས་ཀྱི་རིག་གནས་སྒྱུ་རྩལ་ཚོགས་པ་དང་ཚོགས་ཆུང་གིས་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་ཐེངས་མང་བྱས་པ་མ་ཟད། 2024ལོར་པེ་ཅིང་དུ་ཀྲུང་ཙམ་རྡོ་བརྐོས་སྒྱུ་རྩལ་འགྲེམས་སྟོན་བྱས་པར། ཙམ་པབ་ཝེའི་སྲོལ་རྒྱུན་རྡོ་བརྐོས་བརྩམས་ཆོས་ལ་བསྔགས་བརྗོད་མང་པོ་ཐོབ་ཡོད།
ཀྲུང་ཙམ་རྒྱལ་ཁབ་གཉིས་ནི་ཚོད་བགམ་བརྒྱུད་མྱོང་བ་དང་སྤུན་མཆེད་ལྟར་བརྩེ་བ་ཟབ་པའི་གྲོགས་པོ་ངོ་མ་ཡིན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་རོགས་ཟླ་བཟང་པོ་ཡིན་ལ། དེང་རབས་ཅན་དང་དར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་སྐྱོད་པའི་མཉམ་སྐྱོད་པ་ཞིག་དེ་བས་ཀྱང་ཡིན། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཙམ་པབ་ཝེ་ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དང་ཆུ་ཚད་མཐོ་བའི་ཀྲུང་ཙམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་རྒྱང་ལམ་རླབས་པོ་ཆེའི་ཁྲོད་ལེའུ་གསར་པ་ཞིག་རྩོམ་ངེས་རེད།
(རྩོམ་པ་པོ་ནི་ཙམ་པབ་ཝེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)