སྤེལ་རེས་མཉམ་ལས་བྱས་ནས་ཚན་རྩལ་དགེ་བརྩོན་ཡོང་བར་བྱེད་དགོས།
ཉེ་ཆར་ཀྲུང་གོ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཟླ་བའི་ལྷ་མོ་ཨང་ལྔ་པའི་ལས་འགན་ཏེ། ཟླ་བའི་གོ་ལའི་མ་དཔེ་རྒྱལ་སྤྱིས་གཡར་སྤྱོད་བྱེད་པའི་རེ་ཞུ་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཨ་རིའི་པུའུ་ལང་སློབ་ཆེན་དང་ཉིའུ་གཡོད་ཀྲོའུ་བཙུགས་སློབ་ཆེན་ཧྲི་ཞི་ཡན་ལག་སློབ་གྲྭ་ཚུད་པའི་རྒྱལ་ཁབ་6གི་སྒྲིག་གཞི་7གྱི་རེ་ཞུར་ཆོག་མཆན་ཐོབ་ཡོད། འདི་ནི་ཀྲུང་ཨའི་ཚན་རྩལ་མཉམ་ལས་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། “ཀྲུང་ཨའི་མཉམ་ལས་ནི་གོ་ལ་ཧྲིལ་པོའི་ཚན་རིག་ཡར་རྒྱས་ཀྱི་རྨང་རྡོ་ཡིན”དང་། “ཨ་རིས་གཟུགས་ཅན་རིག་ནུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་མིན་དེ་ཀྲུང་གོ་དང་རྒྱུན་མཐུད་མཉམ་ལས་བྱེད་པར་རག་ལས་ཡོད”“ཀྲུང་ཨ་ནི་མིས་བཟོས་རིག་ནུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་གལ་ཆེ་ཤོས་གཉིས་པོ་ཡིན”བཅས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དེ་ཐོག་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་མཉམ་ལས་ཀྱི་རིན་ཐང་ཆེན་པོ་དང་དོན་སྙིང་གཏིང་ཟབ་མངོན་ཡོད།
ཡིན་ཡང་། བློ་ཕམ་པ་ཞིག་ནི། ཉེ་བའི་ལོ་ཤས་རིང་འཇམ་འཐབ་ཀྱི་བསམ་གཞིགས་ཨ་རིར་བསྐྱར་དུ་ཐོན་པ་དང་། ཚན་རྩལ་ཁྱབ་ཁོངས་དེ་ཨ་རིའི་མི་ཁག་གཅིག་གིས་ཀྲུང་གོར་འཐབ་འགྲན་བསྡོམས་སྟོངས་དང་ཐ་ན་གཉིས་ཕམ་འཐབ་འགྲན་སྤེལ་བའི་གཙོ་གནད་ཁྱབ་ཁོངས་སུ་གྱུར་ཡོད། “རྒྱལ་ཁབ་ཀྱི་བདེ་འཇགས”དང“རང་རེའི་རྒྱལ་ཁབ་སྔོན་འཇོག”ལ་སྲུང་སྐྱོང་སོགས་ལ་ཁ་གཡར་ནས། ཨ་རིས་ཀྲུང་གོའི་ཚན་རྩལ་འདུས་ཚད་མཐོ་བའི་ཁེ་ལས་ལ་བཀག་སྡོམ་བྱེད་པ་ནས་ལག་རྩལ་ཚོད་འཛིན་དང་། སྤེལ་རེས་བཀག་འགོག མཁོ་སྤྲོད་འཁོར་འབྲེལ་ལ་དོ་དམ་ཚོད་འཛིན་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་པའི་བར། ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ལ་དོན་མེད་བཙན་གནོན་ཇེ་ངན་ཇེ་སྡུག་བྱས་ཡོད། ཚན་རྩལ་འཕེལ་རྒྱས་ཀྱི་ཆོས་ཉིད་ལས་འགལ་བའི་བྱེད་སྟངས་དེ་དག་གིས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ལ་འགོག་རྐྱེན་བཟོས་པ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་མ་ཟད། ཨ་རི་རང་ངོས་ཀྱི་ཁེ་ཕན་ལའང་གནོད་སྐྱོན་བཟོས་ཡོད།
ཚན་རྩལ་འཕེལ་རྒྱས་གཏོང་བར“གཅིག་རྗེས་གཅིག་སྙེག”གི་འགྲན་རྩོད་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་ལ། “རྒྱན་ཐོག་རྒྱན་བརྩེགས། ཐམས་ཅད་མཛེས་པའི”མཉམ་ལས་ཀྱི་བློ་གྲོས་ཀྱང་དེ་བས་ཡོད་དགོས། མིག་སྔར་གོང་འཕེལ་ཉམས་མེད་ཀྱི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དང་། གནམ་གཤིས་འགྱུར་ལྡོག་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། མིའི་རིགས་ཀྱི་སྤྱི་ཚོགས་ལ་དེ་སྔའི་དུས་གང་རུང་ཞིག་ལས་རྒྱལ་སྤྱིའི་མཉམ་ལས་དང་སྒོ་དབྱེ་མཉམ་སྤྱོད་བྱེད་དགོས། ཚན་རྩལ་ཁྱབ་ཁོངས་སུ་ཚན་རྩལ་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་ཨར་རང་རང་གི་ལེགས་ཆ་ཡོད་པས། རང་ངོས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཆབས་ཅིག་ཚན་རྩལ་དགེ་བརྩོན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཚེ“1+1>2”ཡི་ཕན་འབྲས་མངོན་འགྱུར་ཐུབ་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་བྱ་ཆེད་ཇུས་གཞི་གསར་པ་དེ་བས་མང་བ་ལེགས་སྐྱེས་འབུལ་ཐུབ།
ཟླ་བའི་ལྷ་མོའི་ཟླ་དཔྱད་ལས་གཞི་ལས་མངོན་པའི་སྒོ་དབྱེའི་རྣམ་འགྱུར་ལྟར། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲིའི་ཐོག་ནས་ཚན་རྩལ་གསར་གཏོད་ཇུས་འགོད་དང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་གི་ཡོད། ཨ་རི་ཕྱོགས་དང་ཀྲུང་གོ་ཕྱོགས་གཉིས་ཁ་སྤྲོད་དུ་བསྐྱོད་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཁོར་ཡུག་བཟང་པོ་སྐྲུན་པ་དང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་མ་ལག་གི་སྒོ་དབྱེ་རང་བཞིན་དང་བསྟུན་མཁས་རང་བཞིན་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། ཚན་རྩལ་གསར་གཏོད་གྲུབ་འབྲས་ལས་མིའི་རིགས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད།