“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ བཟོ་བའི་ལས་དོན་གྱི་དྲ་རྒྱའི་བསམ་འཆར་བསྡུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་མཐའ་འཁྱོངས་བྱས་ནས། འཆར་འགོད་བཟོ་བའི་ལས་དོན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་5ཚེས་20ཉིན་ནས་བཟུང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་གྱི་དྲ་རྒྱའི་བསམ་འཆར་བསྡུས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་དྲ་རྒྱའི་བསམ་འཆར་བསྡུ་རིང་མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཁོངས་གཏོགས་གཞུང་དྲ། གསར་འགྱུར་སྤྱོད་སྣེ། དེ་བཞིན“སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་ལས་སྟེགས་བཅས་ཀྱི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཐད་གྲོས་འཆར་འདོན་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ཡོད་པས། རྒྱ་ཆེའི་དྲ་དམངས་ཚོས་འབྲེལ་ཡོད་དྲ་ངོས་སུ་ཞུགས་ནས་ཐབས་འདོན་ཇུས་འབུལ་བྱེད་ཆོག་གི་ཡོད། དྲ་རྒྱའི་བསམ་འཆར་བསྡུ་བའི་དུས་ཡུན་ཟླ་བ་གཅིག་ཡིན་པ་དང་། འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་ཕྱོགས་བསྡུས་ལེགས་སྒྲིག་བྱས་རྗེས། ཀྲུང་དབྱང་ལ་ཇུས་ཐག་གཅོད་པར་དཔྱད་གཞི་མཁོ་འདོན་བྱེད་རྒྱུ་རེད།
རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ལ་སྔ་འཛིན་ཕྱི་མཐུད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ངེས་པར་དུ“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་ཡག་པོ་བྱེད་དགོས། མིག་སྔར། ཏང་ཀྲུང་དབྱང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གྲོས་འགོ་སྒྲིག་འཛུགས་བྱས་ནས་བཟོ་བཞིན་ཡོད་པ་རེད།