དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པ།

    དུས་ཚིགས་དང་པོའི་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་སྒྲིལ་གླེང(སྨད་ཆ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་717.21ཟིན་པ་དེ་དུས་མཚུངས་ལས་7.9%འཕར་ནས་མི་རྣམས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་ལས་སོགས“ཐོན་ལས་ཆེན་པོ་དགུ”ཡིས་མཐུན་སྦྱོར་མཉམ་ཤུགས་བཏོན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་པར་རྨང་གཞི་བརྟན་པོ་བཏིང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་གི་མི་མངོན་པའི་སྟོབས་ཤུགས་དང་བར་མཐོངས་ཧ་ཅང་ཆེན་པོ་མངོན་ཡོད།

    ཞིང་འབྲོག་ལས་དེང་རབས་ཅན་ལ་འགྱུར་བར་སྒུལ་ཤུགས་དང་གསོན་ཤུགས་བསྣན་པ།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་ཡུལ་མི་ཉི་མས་ལག་ཐོགས་ཁ་པར་མནན་ཙམ་བྱས་པས། རང་འགུལ་ཆུ་འདྲེན་སྒྲིག་ཆས་ཀྱིས་སྔོན་ཆད་ཀྱི་རྙོག་འཛིང་ཆེ་བའི་ཆུ་འདྲེན་ལས་འགན་ལེགས་གྲུབ་བྱུང་ཡོད། དེང་རབས་ཅན་གྱི་ཞིང་ལས་དཔེ་སྟོན་རྟེན་གཞིའི་ཆུ་ལུད་གཞི་གཅིག་ཅན་གྱི་འཕྲུལ་འཁོར་གྱིས་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་60%མཐོ་རུ་ཕྱིན་ཡོད། སྔོན་ཆད་མི་20ཡིས་སྒྲུབ་པའི་ལས་ཀ་ད་ཆ་འཕྲུལ་འཁོར་གསུམ་གྱིས་ལས་སླ་པོར་སྒྲུབ་ཐུབ་ཀྱི་ཡོད། ནག་ཆུའི་འབྲོག་པ་ཚོས་ལག་ཐོགས་ཁ་པར་གྱི་APPནས་རྩྭ་རར་ཕྱུགས་རིགས་ཤོང་ཚད་ལ་ལྟ་ཆོག་ལ་གྲངས་གཞི་ཆེན་པོའི་ལས་སྟེགས་ཀྱིས་ད་དུང་ཉིན་30ཡི་སྔོན་ལ་གངས་སྐྱོན་གྱི་སྔོན་བརྡ་གཏོང་གི་ཡོད། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དེ་དག་གིས་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་བར་འཕུར་མཆོང་གི་གཤོག་ཟུང་བསྒར་ཡོད།

    གྲངས་རིག་གིས“ཞིང་གསུམ”ལ་འཕེལ་རྒྱས་གསར་པ་ཡོང་བར་རམ་འདེགས་བྱས་ཤིང་། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཞིང་འབྲོག་སྤྲིན་རྩིས་ལས་སྟེགས་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་གཅིག་གྱུར་གྲངས་གཞིའི་མཛོད་ཧུར་ཐག་བཙུགས་པ་དང་། “བོད་ཀྱི་ཞིང་འབྲོག་པའི”ལག་ཐོགས་ཁ་པར་གྱི་APPསྤྱོད་སྣེ་གསར་སྤེལ་བྱས་ཏེ། ལྗོངས་ཡོངས་ཀྱི་ཞིང་འབྲོག་གྲངས་གཞིའི“རི་མོ་གཅིག”བྲིས་ཡོད། གྲོང་གསེབ་ཀྱི་ས་ཞིང་(རྨོ་ཞིང)འགན་གཙང་དབང་ཆའི་དོ་དམ་ལས་སྟེགས་བསྐྲུན་ནས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྗེས་སྙེགས་ལས་སྟེགས་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རིག་ནུས་ལྟ་འདོམས་ལས་སྟེགས་ཀྱི་ལས་སྒོའི་དོ་དམ་དེ་གཞི་རྩའི་ཆ་ནས་ལྗོངས་ཡོངས་སུ་ཁྱབ་ཡོད། གཞིས་རྩེ་གྲོང་ཁྱེར་ནས་ཀྱི་ཐོན་ལས་གྲངས་གཞི་ཆེན་པོའི་ལྟེ་གནས་དང་བོད་ཀྱི་ཞིང་འབྲོག་ལས་གྲངས་གཞི་ཆེན་པོའི་ལག་ལེན་དང་བཀོལ་སྤྱོད་ལ་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གཉིས་2023ལོའི་རྒྱལ་ཡོངས་ཀྱི་རིག་ལྡན་ཞིང་ལས་འཛུགས་སྐྲུན་གྱི་ཕུལ་བྱུང་དཔེ་མཚོན་ནང་བདམས་པ་རེད། འདམ་གཞུང་དང་། བསམ་གྲུབ་རྩེ། སྙེ་མོ་བཅས“དྲ་སྦྲེལ+”ཀྱི་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་བཏང་བའི་ཚོད་ལྟའི་རྫོང་3ལ་རྒྱལ་ཁབ་བམ་རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་རྣམ་གྲངས་འཛུགས་གཏོད་ཀྱི་ཆོག་མཆན་ཐོབ་ཡོད།

    དེང་རབས་ཅན་འཕྲུལ་ཆས་ཀྱི་འདེགས་སྐྱོར་ནུས་ལྡན་འོག ལྗོངས་ཡོངས་ཀྱི་དཔྱིད་འདེབས་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ་དང་། ཟླ་5ཚེས་11ཉིན་བར་ལྗོངས་ཡོངས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་185.52ཟིན་པའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་143.85ཟིན་ནས་ལོ་ཧྲིལ་པོར་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    ཐོན་ལས་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    མིག་སྔར་མཐོ་གསར་ཁུལ་དུ་གྲངས་འཛིན་དཔལ་འབྱོར་རིགས་ཀྱི་ཁེ་ལས་2700ལྷག་ཙམ་ཐོ་འགོད་བྱས་ཡོད། གྲངས་འཛིན་ལག་རྩལ་ཐོག་མར་བཀོལ་སྤྱོད་བྱས་པ་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་གཏིང་ཟབ་བྱེད་པའི་བར། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཐོག་བོད་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ཡོད།

    དུས་ཚིགས་དང་པོར་རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་གྲངས་གཞི་ཆེན་པོའི་ལྟེ་གནས་སོགས་མ་ལག་4བསྐྲུན་སྟེ། “གྲངས་རིག་པོ་ཏ་ལའི”རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། དམའ་དབྱིངས་དཔལ་འབྱོར་ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས། དེང་རབས་ཞབས་ཞུའི་ལས་རིགས་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་རེད། ཞབས་ཞུའི་ལས་རིགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་མཉམ་འདྲེས་ཅན་གྱི་འཕེལ་རྒྱས་བརྒྱུད། ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་17.9%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་བརྒལ་ཡོད། ཨར་འདམ་ཐོན་ཚད་དུས་མཚུངས་ལས་19.4%འཕར་བ་དང་། རང་བྱུང་འཐུང་ཆུའི་ཐོན་ཚད་དུས་མཚུངས་ལས་5.8%འཕར་བ། སྦི་རག་ཐོན་ཚད་དུས་མཚུངས་ལས་6.5%འཕར་བ་བཅས་རེད། གྲུབ་འབྲས་དེ་དག་ཐོབ་དོན་ནི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་མང་དུ་ཕྱིན་པ་དང་། དམངས་ཁྲོད་ཀྱི་མ་འཇོག་འཁྲུག་ཏུ་ཕྱིན་པ། ཁྲོམ་རའི་དགོས་མཁོ་ཆེ་རུ་ཕྱིན་པ། དེ་བཞིན་གྲོང་མིའི་ཡོང་འབབ་མཐོ་རུ་ཕྱིན་པ་སོགས་རྒྱུ་རྐྱེན་མང་པོའི་ཐུན་མོང་གི་ནུས་པ་ཐོན་པ་ལས་བྱུང་བ་མ་ཟད། རང་ལྗོངས་ཀྱིས་ཁེ་ལས་ཀྱི་ལག་རྩལ་འགག་སྒྲོལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཁེ་ལས་ཀྱིས་སྔོན་ཐོན་ལག་རྩལ་ནང་འདྲེན་བྱེད་པ་དང་གསར་གཏོད་ཞིབ་སྤེལ་བྱེད་པར་སྐུལ་ལྕག་བཏང་བ། བཟོ་སྐྲུན་ལས་རིགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་ལེན་ཏན་ཏིག་བསྟར་བ་དང་དེ་བས་ཀྱང་ཁ་འབྲལ་ཐབས་མེད།

    དུས་ཚིགས་དང་པོར“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཏེ་སྒྲིག་སྦྱོར་བྱེད་བཞིན་པའི་གློག་ཤུགས་ཆན་ཝ་ཁྲི་1732.5ཟིན་པ་དང་སྒྲིག་སྦྱོར་བྱས་ཟིན་པའི་གློག་ཤུགས་ཆན་ཝ་ཁྲི་1034ཟིན་ཡོད། ནུས་རྒྱུ་གཙང་མས་བོད་དང་ཐ་ན་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ལ། བཟོ་ལས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཡང་ནུས་རྒྱུའི་འགན་སྲུང་བརྟན་པོ་བྱས་ཡོད།

    ཚན་རྩལ་གསར་གཏོད་ཀྱིས་འགུལ་ནུས་གསར་རྙིང་བརྗེ་བར་སྐུལ་འདེད་བཏང་བ།

    ཐོན་སྐྱེད་ནུས་ཤུགས་གསར་མའི་ལྟེ་བའི་སྒུལ་ཤུགས་ཤིག་ཡིན་པའི་ཚན་རྩལ་གསར་གཏོད་ཀྱིས་ལག་རྩལ་འགག་སྒྲོལ་དང་ཐོན་ལས་རིམ་སྤོར་བརྒྱུད་ཐོན་ལས་ཁག་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། དུས་ཚིགས་དང་པོར་ཚན་རྩལ་གསར་གཏོད་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཐོན་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    ཁེ་ལས་ཁག་35ཡིས་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་དམིགས་ནས་ལག་རྩལ་འགག་སྒྲོལ་བྱེད་པར་རང་སྐྱོང་ལྗོངས་ཀྱིས་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ཞིབ་སྤེལ་བྱེད་སྒོའི“གཙང་དག་གཉིས”ཀྱི་བྱ་སྤྱོད་ལ་རིགས་དབྱེ་ནས་སྐུལ་འདེད་བཏང་ཡོད། བོད་ལུགས་གསོ་རིག་གི་ནད་རིགས་རིགས་དབྱེ་དང་ཚབ་རྟགས་གཉིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གྱི་ཞིབ་བཤེར་བདེ་བླག་བྱུང་བ་དང་། ནུས་རྒྱུ་གཙང་མའི་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི“ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན”སོགས་མ་ལག་4འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་གློག་དྲ་གྲངས་འཛིན་ཅན་གྱི་འཕེལ་རྒྱས་སྟོན་གྲངས་77.6%ཟིན་ཡོད།

    ལོ་གསུམ་ནང་ལྗོངས་ཡོངས་ཀྱི་ལག་རྩལ་གྱི་གན་རྒྱར་ངོས་འཛིན་ཐོ་འགོད་བྱེད་ཚད་ལྡབ་3འཕར་བ་དང་། ན་ནིང་གན་རྒྱའི་ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་14.79ཟིན་ཡོད། མིག་སྔར། བོད་དུ་རིན་ཐང་མཐོ་བའི་ཁེ་བེད་བདག་ཐོབ་ཡོད་མཁན་ཁེ་ལས་190ཟིན་པ་དེ་དག་ལ་རིན་ཐང་མཐོ་བའི་ཁེ་བེད་བདག་ཐོབ་519ཡོད་པའི་ནང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྲེལ་བ་ཡོད་པའི་རིན་ཐང་མཐོ་བའི་ཁེ་བེད་བདག་ཐོབ་བཟུང་ཚད་54.3%ཟིན་ཡོད།

    ད་ལོ“ཐོན་ལས་ཆེན་པོ་དགུ”ཡིས་མཐུན་སྦྱོར་ཤུགས་འདོན་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རང་ལྗོངས་ཀྱིས་སྲིད་ཇུས་བེད་སྤྱོད་དང་ཐོན་ལས་རོགས་སྐྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གྲངས་འཛིན་དཔལ་འབྱོར་དང་། དེང་རབས་ཞབས་ཞུའི་ལས་རིགས། མཐའ་མཚམས་ཚོང་དོན་ཟོག་འགྲེམས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས། མཁའ་ལམ་ཤར་གཏོང་ཐོན་ལས་སོགས་ལས་རིགས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་ནས་བོད་ཀྱི་དཔལ་འབྱོར་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ནང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།