དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མདོ་ལའི་ནུབ་ཆུ་ནགས་ཚལ་སྐྱེ་ཁམས་ངེས་གནས་ཞིབ་འཇུག་ས་ཚིགས་ཀྱི་ཀྲན་ཀྲང་ཅིང་ཝུན་མའོ་ཡིས།

    རི་ཆུར་ལྟ་ཞིབ་ཚད་ལེན་བྱས་ནས་ཚན་རིག་ཁྱབ་གདལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  སུང་ཁྲའོ་ཅུན།   |     སྤེལ་དུས།  2025-05-22

    འདི་ནི་ཅིང་ཝུན་མའོ་ཡིས་ཆར་ཆུ་འབབ་ཚད་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ།

    ཞོགས་པའི་ཉི་འོད་མདོ་ལའི་རི་ཁུལ་དུ་འཕྲོས་པ་དང་བསྟུན་ནས། ཀྲན་ཀྲང་ཅིང་ཝུན་མའོ་ནུབ་ཆུ་ནགས་ཚལ་སྐྱེ་ཁམས་ངེས་གནས་ཞིབ་འཇུག་ས་ཚིགས་ནས་རྡོག་ཐོན་བྱས་ཤིང་། རི་ཁུལ་དུ་སླེབས་མ་ཐག་ཁོང་གིས་སློབ་ཆེན་སློབ་མ་ཁ་ཤས་ཁྲིད་དེ་ཐད་ཀར་ཕའེ་ལུའུ་ལུང་ཤུར་ཆུ་བོའི་འབབ་རྒྱུད་ཀྱི་རྒྱུག་འབོར་ཚད་ལེན་རགས་ཤིག་གི་འགྲམ་དུ་བསྐྱོད།

    རགས་དེ་བལྟས་ཚོད་ཀྱིས་ཆེན་པོ་མེད་ལ། ཅིན་ཝུན་མའོ་ཡིས་ལྷན་དུ་ཡོད་པའི་སློབ་ཆེན་སློབ་མ་ཚོར“ལྟོས་དང་། རགས་འདི་དེ་འདྲའི་ཆེན་པོ་མེད་ཀྱང་འབབ་རྒྱུད་ཧྲིལ་པོའི་ཆུ་བོ་ཚང་མ་འདི་ནས་བཞུར་གྱི་ཡོད་པས་གྲངས་གཞི་ཧ་ཅང་གལ་ཆེ”ཞེས་འགྲེལ་བཤད་བརྒྱབ།

    ནུབ་ཆུ་ནགས་ཚལ་སྐྱེ་ཁམས་ངེས་གནས་ཞིབ་འཇུག་ས་ཚིགས་ནི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་རྟ་རྨིག་བོད་རིགས་ཤང་དུ་ཡོད་ལ། མིང་ཧྲིལ་པོར“ཀན་སུའུ་ཞིང་ཆེན་མདོ་ལའི་ཆུ་རྩ་གསོ་འཁྱོངས་ནགས་ཚལ་ཞིབ་འཇུག་ཁང་ནུབ་ཆུ་ནགས་ཚལ་སྐྱེ་ཁམས་ངེས་གནས་ཞིབ་འཇུག་ས་ཚིགས”ཞེས་འབོད་ཀྱི་ཡོད། ཕའེ་ལུའུ་ལུང་ཤུར་ཆུ་བོའི་འབབ་རྒྱུད་ནི་ས་ཚིགས་དེའི་ཚོད་ལྟ་བྱེད་ས་ཡིན་པ་རེད།

    དུས་རབས་གོང་མའི་ལོ་རབས་70པར་བཙུགས་པ་ནས་བཟུང་། ནུབ་ཆུ་ནགས་ཚལ་སྐྱེ་ཁམས་ངེས་གནས་ཞིབ་འཇུག་ས་ཚིགས་ཀྱི་གཞི་རྩའི་ལས་དོན་དག་ནི་མདོ་ལའི་སྐྱེ་ཁམས་མ་ལག་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ཞིབ་འཇུག་བྱེད་པར་དམིགས་ནས་སྤེལ་གྱི་ཡོད། མདོ་ལའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན། སྐྱེ་ཁམས་ས་ཚིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་མ་ལག་ཉམས་གསོ་སོགས་ཀྱི་ལས་དོན་རྒྱུན་མཐུད་སྤེལ་ནས། མདོ་ལའི་ཆུ་རྩ་གསོ་འཁྱོངས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་ཆེ་རུ་གཏོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

    རི་ཁྲོད་ཀྱི་ནགས་དང་ནགས་ཁྲོད་ཀྱི་ཆུ། དེར་ཆགས་པའི་རྩྭ་རྩི་ཤིང་སོགས་ཡོད་ཚད་ནི་ཅིན་ཝུན་མའོ་དང་ཁོང་གི་ལས་རོགས་ཚོས་ནམ་རྒྱུན་ལྟ་ཞིབ་བྱ་ཡུལ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང། འབྲེལ་ཡོད་ཆེད་ལས་ཀྱི་སློབ་ཆེན་སློབ་མ་དང་། ལྟ་སྐོར་དང་སློབ་སྦྱོང་གི་དགོས་མཁོ་ཡོད་པའི་འབྲེལ་ཡོད་ཚན་པ་དང་ཚོགས་པ་མི་ཉུང་བ་ཞིག་ནུབ་ཆུ་ནགས་ཚལ་སྐྱེ་ཁམས་ངེས་གནས་ཞིབ་འཇུག་ས་ཚིགས་སུ་ཡོང་ནས། ཅིང་ཝུན་མའོ་ཡིས་མདོ་ལའི་རི་ཁུག་ནས་རི་ཆུར་ལྟ་ཞིབ་ཚད་ལེན་བྱས་པའི་གཏམ་རྒྱུད་ལ་ཉན་པ་རེད། ན་ནིང་གི་ཟླ་བརྒྱད་པར་ཅིང་ཝུན་མའོ“རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ལས་དོན་གྱི་སྔོན་ཐོན་ལས་དོན་པར”བདམས་པ་རེད།

    ས་བབ་མཐོ་ཚད་སྨི་2800ཟིན་ཉེའི་གནས་སུ། ཁོང་གིས་མཐོ་ཚད་སྨི་30ཡོད་པའི་ལྟ་དཔྱད་མཐོ་ལྕོག་ཅིག་སྟོན་བཞིན་དུ“ཁྱེད་ཚོས་ལྟོས་དང་། ལྟ་དཔྱད་མཐོ་ལྕོག་འདི་མཐོ་ཚད་མི་འདྲ་བར་གཞིགས་ནས་རིམ་པ་10ལྷག་ལ་དབྱེ་ཡོད། རིམ་པ་རེ་རེར་རང་འགུལ་དཔྱད་ཆས་བསྒར་ཡོད་པས་དུས་ཚོད་དང་བར་སྟོང་གི་མཐོ་ཚད་མི་འདྲ་བའི་ཁྲོད་ཀྱི་མཁའ་རླུང་གི་དྲོད་ཚད་དང་བརླན་ཚད། རླུང་ལྡང་ཕྱོགས་དང་མྱུར་ཚད། ཆར་ཆུ་འབབ་ཚད། འགྱེད་འཕྲོ་ཐེབས་ཚད། རླུང་ཁམས་ཆེན་པོའི་ཐཱན་བརྒྱུད་ཚད་སོགས་ཀྱི་གྲངས་གཞི་ཚད་ལེན་བྱེད་ཐུབ”ཅེས་བརྗོད།

    རི་ཆུར་ལྟ་ཞིབ་ཚད་ལེན་བྱེད་པར་རང་འགུལ་དཔྱད་ཆས་དང་སྒྲིག་ཆས་དག་གིས་ནུས་པ་ཆེན་པོ་བཏོན་ཡོད། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཁག་གཅིག་དུས་བཀག་ལྟར་ཤེས་རྟོགས་བྱེད་དགོས་པ་དང་། སྒྲིག་ཆས་ཁག་གཅིག་རྒྱུན་དུ་བདག་སྐྱོང་བྱེད་དགོས། སྐྱེ་ཁམས་ཀྱི་རྒྱུ་རྐྱེན་ཁག་གཅིག་མིའི་ཐབས་ལ་བརྟེན་ནས་ལྟ་ཞིབ་ཚད་ལེན་བྱེད་དགོས་པས། ཅིན་ཝུན་མའོ་དང་ཁོང་གི་ལས་གྲོགས་ཚོས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། རང་འགུལ་ཅན་གྱི་ལྟ་ཞིབ་ཚད་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

    2019ལོར་ཚན་ཞིབ་ལས་དོན་པ་ཚོས་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་བྱས་ཏེ། ཚོད་ལྟའི་འབབ་རྒྱུད་དུ་གློག་གཏོང་གློག་དྲ་དང་འཕྲིན་གཏོང་ཡོངས་ཁྱབ་ཐུབ་པས། ཕྱི་རོལ་གྱི་ཚན་རིག་དང་མཐུན་པའི་གྲངས་གཞི་དུས་ཐོག་ཏུ་རང་འགུལ་ངང་འཚོལ་བསྡུ་དང་བརྒྱུད་གཏོང་ཐུབ་ནས་ལྟ་ཞིབ་ཚད་ལེན་གྲངས་གཞིའི་མཛོད་ཀྱི་དྲ་རྒྱ་རིམ་བཞིན་འཛུགས་ཐུབ་ཡོད།

    ནུབ་ཆུ་ནགས་ཚལ་སྐྱེ་ཁམས་ངེས་གནས་ཞིབ་འཇུག་ས་ཚིགས་ཀྱི་ཐོག་སོ་གཉིས་ཡོད་པའི་ཐོག་ཁང་དེ་ནི་མི་རྣམས་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་སའི“ས་ཚིགས་དང་པོ”ཡིན་ཞིང་། དེ་གར་རྩི་ཤིང་གི་མ་དཔེ་ཁང་དང་ས་རྒྱུའི་མ་དཔེ་ཁང་སོགས་ཚན་རིག་ཁྱབ་གདལ་སློབ་ཁང་10ལྷག་ཙམ་ཡོད་པར་འབྲེལ་ཡོད་མ་དཔེ་བརྒྱ་ལྷག་ཙམ་ཉར་ཚགས་བྱས་ཡོད། ཚན་རིག་ཁྱབ་གདལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་ཆེད། ཅིང་ཝུན་མའོ་ཡིས་འབྲེལ་ཡོད་ཚན་རིག་ཁྱབ་གདལ་བརྙན་ཐུང་དང་ཚན་རིག་ཁྱབ་གདལ་ལག་དེབ་བཟོས་པ་མ་ཟད། ད་དུང་རྫོང་དང་གྲོང་ཁུལ་དུ་ཚན་རིག་ཁྱབ་གདལ་སློབ་གསོ་སྤེལ་བ་དང་གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།