ཕྱི་འབྲེལ་པུའི་མགྲིན་ཚབ་པས།
འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་བརྒྱད་པར་ཐའེ་དབན་དང་འབྲེལ་བ་ཡོད་པའི་གྲོས་གཞི་དང་ལེན་མི་བྱེད་པའི་སྐོར་ལ་གཏམ་བཤད་སྤེལ་བ།
ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་བརྒྱད་པར་ཐའེ་དབན་དང་འབྲེལ་བ་ཡོད་པའི་གྲོས་གཞི་དང་ལེན་མི་བྱེད་པའི་སྐོར་ལ་གཏམ་བཤད་སྤེལ་བ་རེད།
མགྲིན་ཚབ་པས་བརྗོད་དོན། ཟླ་5ཚེས་19ཉིན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་བརྒྱད་པའི་སྤྱི་དོན་ཨུ་ལྷན་དང་ཚང་འཛོམས་གྲོས་ཚོགས་ཀྱིས་སོ་སོར་གཏན་འབེབས་བྱས་ནས། རྒྱལ་ཁབ་ཁག་གཅིག་གིས་བཏོན་པའི“ཐའེ་དབན་ལྟ་ཞིབ་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་རྒྱུར་གདན་འདྲེན་དགོས”ཟེར་བའི་གྲོས་གཞི་དེ་ཚོགས་ཆེན་གྱི་གྲོས་རིམ་ནང་འཇུག་རྒྱུ་དང་ལེན་མི་བྱེད་རྒྱུ་ཁ་གསལ་བཏོན་ཞིང་། དེ་ནི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་ལོ་དགུ་བསྟུད་མར་ཐའེ་དབན་དང་འབྲེལ་བ་ཡོད་པའི་གྲོས་གཞི་དང་ལེན་བྱས་མེད་པ་ཞིག་རེད།
མགྲིན་ཚབ་པས་བརྗོད་དོན། ཀྲུང་གོའི་ཐའེ་དབན་ས་ཁུལ་རྒྱལ་སྤྱིའི་རྩ་འཛུགས་ནང་ཞུགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱེད་སྒོ་ཚུད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཞིག་ཡིན་པ་སྟེ། ངེས་པར་དུ་ཀྲུང་གོ་གཅིག་གི་རྩ་དོན་ལྟར་ཐག་གཅོད་བྱེད་དགོས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758པ་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་ཨང་25.1ནང་གཏན་འཁེལ་བྱས་པའི་རྩ་བའི་རྩ་དོན་ཞིག་རེད། ཀྲུང་གོའི་ཐའེ་དབན་ས་ཁུལ་ལ་ཀྲུང་དབྱང་སྲིད་གཞུང་གི་མོས་མཐུན་མ་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་པའི་གཞི་འཛིན་ས་དང་རྒྱུ་མཚན་ནམ་ཡང་ན་དབང་ཆ་གང་ཡང་མེད། ཐའེ་དབན་དམངས་གཙོ་ཡར་སྐུལ་ཏང་དབང་འཛིན་ལས་ཁུངས་ཀྱིས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ལངས་ཕྱོགས་ཨུ་ཚུགས་མཐར་སྐྱེལ་བྱས་པས། ཐའེ་དབན་ས་ཁུལ་དེ་ཉིད་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་པའི་ཆབ་སྲིད་རྨང་གཞི་མེད་པར་གྱུར་ཡོད།
མགྲིན་ཚབ་པས་བརྗོད་དོན། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་སྤུན་ཟླ་ཐའེ་དབན་བའི་བདེ་ཐང་དང་བདེ་རྩར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་གཅིག་གི་རྩ་དོན་གྱི་སྔོན་འགྲོའི་ཆ་རྐྱེན་འོག ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཐའེ་དབན་ས་ཁུལ་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་ལས་དོན་ནང་ཞུགས་པར་བཀོད་སྒྲིག་ཡག་པོ་བྱས་པ་དང་། ཐའེ་དབན་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་རིགས་གཅིག་མཁས་ཅན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འབྲེལ་ཡོད་ལག་རྩལ་ཚོགས་འདུར་ཞུགས་ཆོག་གི་ཡོད། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོའི་ཐའེ་དབན་དུ་ཁྱོན་ཁག་11དང་མི་ཐེངས་12ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལག་རྩལ་བྱེད་སྒོར་ཞུགས་རྒྱུའི་རེ་ཞུ་བྱས་པར་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཚང་མར་ཆོག་མཆན་སྤྲད་ཡོད། 《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》གི་སྒྲོམ་གཞིའི་འོག ཐའེ་དབན་ས་ཁུལ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་ཁག་དབར་གྱི་ཆ་འཕྲིན་སྤེལ་རེས་ལམ་སྲོལ་ཐོགས་མེད་དང་འཐུས་སྒོ་ཚང་པོ་ཡོད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ཆ་འཕྲིན་དུས་ཐོག་ཏུ་རག་ཐུབ་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་དུས་ཐོག་ཏུ་བརྡ་ཁྱབ་ཀྱང་གཏོང་ཐུབ། དེ་དག་ཚང་མ་ལས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་སྤུན་ཟླ་ཐའེ་དབན་བས་དོ་ཁུར་བྱེད་པའི་འཕྲོད་བསྟེན་བདེ་ཐང་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་ལྷག་བསམ་རྣམ་དག་ཡིན་པ་དང་། ཐའེ་དབན་ས་ཁུལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལག་རྩལ་ཁྱབ་ཁོངས་ནང་ཞུགས་པའི་འབྲེལ་གཏུག་མཉམ་ལས་ཐབས་ལམ་གང་ལེགས་དང་ཐོགས་མེད་ཡིན་པ། ཐའེ་དབན་མི་དམངས་ཀྱི་བདེ་ཐང་ཁེ་དབང་ལ་འགན་སྲུང་ཡོད་པ་བཅས་གསལ་བཤད་གང་ལེགས་བྱུང་ཡོད། “རྒྱལ་སྤྱིའི་རིམས་འགོག་མ་ལག་གི་སྟོང་ཆ”ཟེར་བ་ནི་ཆབ་སྲིད་ཀྱི་རྫུན་གཏམ་ཞིག་རང་རེད།
མགྲིན་ཚབ་པས་བརྗོད་དོན། དུས་ཡུན་ངེས་ཅན་ཞིག་རིང་། དམངས་གཙོ་ཡར་སྐུལ་ཏང་དབང་འཛིན་ལས་ཁུངས་དང་རྒྱལ་ཁབ་ཁག་གཅིག་གིས་མངོན་སུམ་འཛེམ་མེད་ངང་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758ལ་རྐང་བཙུགས་ནས་འཁྱོག་བཤད་བྱས་ཏེ་ཀྲུང་གོ་གཅིག་གི་རྩ་དོན་ལ་འགྲན་སློང་བྱ་རྒྱུའི་རེ་ངན་འཆང་གི་ཡོད། དེ་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་འགྲན་སློང་བྱེད་པ་ཞིག་རེད་ལ། རྒྱལ་སྤྱིའི་དྲང་བདེན་དང་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ལ་འགྲན་སློང་དང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་སློང་བྱེད་པ་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཐའེ་དབན་ས་ཁུལ་འདི་ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་པར་མོས་མཐུན་མ་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བས་ཀྲུང་གོ་ཕྱོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758མཐའ་འཁྱོངས་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། ཐའེ་དབན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་རྒྱུར་ངོ་རྒོལ་བྱེད་པ་བཅས་བསྐྱར་བསྒྲགས་བྱས་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ལ་ཆེད་མངགས་ཡི་གེ་བསྐུར་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད། དེ་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་མི་སེམས་གཏད་ཕྱོགས་དང་། དུས་ཀྱི་འཕེལ་ཕྱོགས། བདེན་དོན་གནས་ས་བཅས་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་བཀོད་པར་འགྲན་སློང་བྱེད་མི་རུང་བ་དང་གཡོ་འགུལ་གཏོང་མི་རུང་བ་གསལ་བཤད་གང་ལེགས་བྱས་ཡོད། དམངས་གཙོ་ཡར་སྐུལ་ཏང་དབང་འཛིན་ལས་ཁུངས་ཀྱིས་གང་ཞིག་བཤད་པ་དང་གང་ཞིག་བྱས་ཀྱང་ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ་པ་དང་། ཀྲུང་གོ་གཅིག་གྱུར་ཡིན་ངེས་ཡིན་པ་དང་མཐར་གཅིག་གྱུར་ཡིན་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་འགོག་ཐབས་བྲལ། “ཐའེ་དབན་རང་བཙན”ནི་འཆི་ལམ་ཞིག་ཡིན་པས། “རང་བཙན”དོན་གཉེར་གྱི་འཁྲུག་རྐྱེན་ཡོད་ཚད་མཐར་ཕམ་ངེས་རེད།