འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་ཐའེ་དབན་དང་འབྲེལ་བ་ཡོད་པའི་གྲོས་གཞི་སླར་ཡང་དང་ལེན་བྱས་མེད་པ།
ཟླ་5ཚེས་19ཉིན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་བརྒྱད་པ་སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝ་རུ་འགོ་ཚུགས་ཤིང་། ཚོགས་ཆེན་ཐོག་ཁོངས་མིའི་རྒྱལ་ཁབ་ཁག་གཅིག་གིས་བཏོན་པའི“ཐའེ་དབན་ལྟ་ཞིབ་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་རྒྱུར་གདན་འདྲེན་དགོས”ཟེར་བའི་གྲོས་གཞི་དེ་ཚོགས་ཆེན་གྱི་གྲོས་རིམ་ནང་འཇུག་རྒྱུ་དང་ལེན་མི་བྱེད་པའི་གཏན་འབེབས་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུཌ་གཞན་དག་ལ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་དང་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས་ཚོགས་ཆེན་ལ་གཏམ་བཤད་སྤེལ་ནས་འདི་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་རེད་ལ། ཐའེ་དབན་སླར་ཡང་ཀྲུང་གོའི་པང་དུ་ལོག་ནས་ལོ་80འཁོར་བའི་ལོ་ཞིག་ཀྱང་རེད། ཐའེ་དབན་ཀྲུང་གོའི་པང་དུ་ལོག་པ་ནི་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758པ་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་ཨང་25.1པ་ཡི་ནང་ཐའེ་དབན་ཚུད་པའི་ཀྲུང་གོ་ཡོངས་ཀྱི་འཐུས་མིའི་དབང་ཆའི་གནད་དོན་སྔ་ས་ནས་ཐག་གཅོད་མཐར་ཕྱིན་པ་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་ལོ་མང་བསྟུད་མར་ཐའེ་དབན་དང་འབྲེལ་བ་ཡོད་པའི་གྲོས་གཞི་དང་ལེན་བྱས་མེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ཡོད། དོན་དངོས་ཐོག“ཐའེ་དབན་རང་བཙན”གྱི་ལོག་ལམ་དེ་ཤར་བགྲོད་གཏན་ནས་ཐུབ་ཐབས་མེད་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་བརྗོད་པ་རེད།
ཁྲེན་ཤུས་ཀྱིས་བརྗོད་དོན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་དང་ནང་འཁྲུག་སྐབས་ལུས་པའི་གནད་དོན་ཞིག་རེད། མཚོ་འགག་ངོགས་གཉིས་ད་དུང་གཅིག་གྱུར་བྱུང་མེད་མོད། འོན་ཀྱང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པའི་བཅའ་ཁྲིམས་གནས་བབ་དང་དོན་དངོས་ལ་འགྱུར་ལྡོག་གཏན་ནས་བྱུང་མེད། མིག་སྔར་རྒྱལ་ཁབ་183གྱིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཀྲུང་གོ་དང་དངོས་གཞིའི་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད། སྐབས་འདིའི་ཚོགས་ཆེན་མ་འཚོག་གོང་རྒྱལ་ཁབ་མང་པོ་ཞིག་གིས་ཆེད་མངགས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཡི་གེ་བསྐུར་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱས་ཡོད་ཅིང་། དེ་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་སེམས་གཏད་ཕྱོགས་ཤིག་ཡིན་པ་གསལ་བཤད་གང་ལེགས་བྱུང་ཡོད།
ཁྲེན་ཤུས་ཀྱིས་ནན་བཤད་བྱས་དོན། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་དབན་བའི་བདེ་རྩར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐའེ་དབན་ཞིང་ཆེན་གྱི་ལག་རྩལ་རིགས་གཅིག་མཁས་ཅན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱེད་སྒོར་ཞུགས་པར་དཀའ་ངལ་གང་ཡང་འཕྲད་ཀྱི་མེད། གྲོས་གཞིའི་ནང“རྒྱལ་སྤྱིའི་རིམས་འགོག་མ་ལག་གི་སྟོང་ཆ”ཞེས་པའི་གནད་དོན་ཟེར་བ་སྦིར་སྒྲོག་བྱས་པ་དེ་དོན་དངོས་དང་མི་མཐུན་པ་དང་དེ་ནི་རྦད་དེ་ཆབ་སྲིད་ཀྱི་གཡོ་སྒྱུ་འཁྲབ་པ་ཞིག་རེད།