བསྟུན་མཁས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་བརྟེན་ནས་དུས་རབས་ཀྱི་ལེའུ་གསར་པ་རྩོམ་དགོས།
ངས་2023ལོའི་དགུན་ཁ་ཀོང་ཏུང་ཧྲེན་ཀྲེན་དུ་གནས་པའི་ཁུག་ཆེན་ཁུལ་རྒྱལ་སྤྱིའི་རིམས་འགོག་སྨན་ཁབ་གསར་གཏོད་ལྟེ་གནས་ལ་ལྟ་སྐོར་བྱས་པ་ཡིན། དེ་ནི་ཧྥ་རན་སེ་དང་ཀྲུང་གོས་མཉམ་དུ་བསྐྲུན་པའི་རྒྱལ་སྤྱི་ཅན་གྱི་རིམས་འགོག་སྨན་ཁབ་ཀྱི་གསར་གཏོད་ལས་སྟེགས་ཤིག་ཡིན་པ་དང་ཕྱོགས་གཉིས་པོས་ཤེས་བྱ་དང་ཚན་རིག་ཁྱབ་གདལ་དང་ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་མང་པོའི་ཐད་མཉམ་ལས་བྱས་ཡོད། གསར་གཏོད་ལྟེ་གནས་ཀྱི་མི་མེད་གནམ་གྲུས་རིམས་འགོག་སྨན་ཁབ་གང་མགྱོགས་ཐག་རིང་རི་ཁུག་ཏུ་སྐྱེལ་བ་དང་། རིག་ལྡན་མི་མེད་རིམས་འགོག་སྨན་ཁབ་རྒྱག་སར་འབྱུང་འགྱུར་འཕྲུལ་མིས་རིམས་འགོག་སྨན་ཁབ་རྒྱག་པར་མཐུན་རྐྱེན་བསྐྲུན་ཡོད། དེ་ག་ནས་སྔོན་ཐོན་གྱི་ལག་རྩལ་ཙམ་མ་ཟད། ད་དུང་རིག་གནས་ལས་བརྒལ་བའི་མཉམ་ལས་བྱེད་བཞིན་པའང་མཐོང་ཐུབ།
དེ་ལྟ་བུའི་མཉམ་ལས་རྣམ་གྲངས་ནི་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། ཧྥ་རན་སེ་དང་ཀྲུང་གོའི་དབར་ཕན་ཚུན་ཡིད་ཆེས་བྱེད་པའི་མཚོན་ཚུལ་ཞིག་ཀྱང་རེད། ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱིས་ལག་གདང་སྦྲེལ་ནས་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱ་ཆེད་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་པ་དེ་ཕན་ཚུན་ཡུན་རིང་ཡིད་ཆེས་དང་ཐུན་མོང་གི་འདུན་པའི་རྨང་གཞིའི་ཐོག་བཙུགས་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྔར་བས་རྙོག་འཛིང་ཆེ་བའི་དེང་གི་དུས་སུ་མཉམ་ལས་ནི་མི་མཐུན་པའི་ཆ་ལས་སྟོབས་ཆེ་བ་ཡོད། མཉམ་ལས་དེ་རིགས་ལས་ང་ཚོས་འབྱུང་འགྱུར་འཛམ་གླིང་གི་གནས་སྟངས་ལ་གོ་བ་ལེན་སྟངས་དེ་འདྲ་མངོན་པ་སྟེ། རྒྱལ་ཁབ་ཁག་ཕན་ཚུན་གྲོགས་མེད་ཁེར་རྐྱང་དུ་མི་སྡོད་པར་ཕན་ཚུན་འབྲེལ་གཏུག་བྱེད་པ་དང་། འགྲན་རྒོལ་མི་བྱེད་པར་གཉིས་ཕན་དོན་གཉེར་བྱེད་དགོས་པ་དེ་ཡིན།
མིག་སྔར། རྒྱལ་སྤྱིའི་ཐོག་མི་ལ་ལས་ད་དུང་ཀྲུང་གོ“ལམ་ལུགས་རང་བཞིན་གྱི་ཁ་གཏད”ཟེར་བར་བརྩིས་ཏེ“ཉེན་ཁ་མེད་པར་བཟོ་དགོས”ཟེར་བའི་འུད་སྒྲོག་བྱེད་ཀྱི་ཡོད། དེའི་ཐད་ང་ཚོས་ཀྲུང་གོ་ནི་ཉེན་ཁ་ཞིག་མིན་པར། གོ་སྐབས་ཤིག་ཡིན་པ་གསལ་པོ་ཤེས་པར་བྱེད་དགོས། ཀྲུང་གོར་མི་འབོར་དུང་ཕྱུར་14ལྷག་ཙམ་དང་ཡོང་འབབ་འབྲིང་རིམ་གྱི་ཚོགས་པ་དུང་ཕྱུར་4ཙམ་ཡོད་པས། དེ་ནི་གསོན་ཤུགས་ཀྱིས་ཁེངས་ཤིང་གཞི་ཁྱོན་ཆེ་བའི་ཁྲོམ་ར་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཡས་མས་རྒྱུན་འཁྱོངས་བྱེད་པའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་ཕན་ཚུན་ཚོང་དོན་གྱི་རོགས་ཟླ་ཆེ་གྲས་གཉིས་པ་ཡིན་ཞིང་། ཀྲུང་གོས་ཡོ་རོབ་ཀྱི་ནུས་རྒྱུ་གསར་པ་དང་། རླངས་འཁོར། འཕྲུལ་ཆས་སྒྲིག་ཆས་སོགས་ཁྱབ་ཁོངས་མང་པོར་མ་འཇོག་བྱས་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་དང་དེ་བཞིན་དར་རྒྱས་ཆེ་བའི་རྒྱལ་ཁབ་གང་ཞིག་ཡིན་རུང་ཀྲུང་གོ་ནི་ཉིན་བཞིན་མེད་ཐབས་མེད་པའི་མཉམ་ལས་རོགས་ཟླར་འགྱུར་བཞིན་ཡོད།
གོ་ལ་ཧྲིལ་པོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཐབས་ལམ་ལ་གྲོས་བསྡུར་བྱེད་སྐབས། མི་རྣམས་ཀྱིས་རེ་སྒུག་བྱེད་པ་ནི་གདོང་ཐུག་དང་འགྲན་རྒོལ་མ་ཡིན་པར། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་རེད། འབྱུང་འགྱུར་གྱི་འཛམ་གླིང་ལ་སྟོབས་ཤུགས་གཅིག་ཁོ་ནས་གཙོ་ཁྲིད་བྱེད་མི་རུང་ལ། རྒྱལ་ཁབ་ཆེན་པོའི་དབར་འཐབ་འགྲན་མི་བྱེད་པར་འཆམ་མཐུན་དང་མཐུན་སྦྱོར་ངང་མཉམ་དུ་མདུན་སྐྱོད་བྱེད་དགོས། པེ་ཏུའོ་ཧྥན་གྱི《དགའ་སྤྲོའི་བསྟོད་གླུ》ཞེས་པའི་སྙན་ཚིག་ནང“མི་རྣམས་མཐུན་སྒྲིལ་བྱས་ནས་སྤུན་ཟླར་འགྱུར་བ་བྱེད་དགོས”ཞེས་བྲིས་པ་ལྟར། ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་བསྟུན་མཁས་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བརྗོད་དོན་གཙོ་བོར་བྱས་ནས་དུས་རབས་འདིར་དབང་བའི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།
(རྩོམ་པ་པོ་ནི་ཧྥ་རན་སེའི་ཞི་ལེ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡིན་པ)