སྒྱུར་བཅོས་ཀྱིས་མཐུན་རྐྱེན་སྦྱར་ནས“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པར”སྐུལ་འདེད་གཏོང་བ།
—— ཆབ་མདོ་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།
“སྔོན་ཆད་ལས་སྒོ་གཉེར་བར་ཐེམ་ཐོའི་དཔང་ཡིག་མཁོ་འདོན་བྱེད་དགོས་ཚེ་ཆེད་མངགས་ཕ་ཡུལ་ཁྲེང་ཏུར་ལོག་ནས་གཉེར་དགོས་པས་མ་གནས་མཐོ་བ་མ་ཟད། ད་དུང་ཚོང་ལ་འཐུས་ཤོར་འགྲོ་གི་འདུག ད་ཆ་བརྙན་ལམ་སྦྲེལ་མཐུད་བརྒྱུད་ཆུ་ཚོད་གཅིག་གི་ནང་ཞིང་ཆེན་བརྒལ་བའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་བསྒྱུར་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཉེ་ཆར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དུ་ཚོང་རྒྱག་མཁན་ཧོ་ཁྲང་ཝེས“ཞིང་བརྒལ་ཀུན་སྒྲུབ”ཀྱི་ཞབས་ཞུ་དངོས་སུ་ཉམས་ལེན་བྱས་རྗེས་དེ་ལྟར་བཤད།
ཧོ་ཁྲང་ཝེའི་མྱོང་བ་ལས་ཆབ་མདོ་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་སྒྱུར་བཅོས་ཀྱིས་ཁེ་ལས་དང་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་མཚོན་ཐུབ། བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་ནས་12345ཐད་སྦྲེལ་ཁ་པར་ཞབས་ཞུའི་བར་དང་། “དཔང་འཕྲི་དབང་སྤྲོད”ཀྱི་སྲིད་དོན་སྒྱུར་བཅོས་ནས“ཞིང་བརྒལ་ཀུན་སྒྲུབ”ཀྱི་དམངས་ཕན་ལག་ལེན་བར། ཆབ་མདོ་གྲོང་ཁྱེར་གྱིས་གྲངས་འཛིན་ཅན་གྱི་སྒྱུར་བཅོས་ལ་བརྟེན་ནས“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པར”སྐུལ་འདེད་བཏང་སྟེ། ཚོང་གཉེར་ཁོར་ཡུག་དང་དམངས་འཚོའི་བདེ་རྩའི་ཕུལ་བྱུང་གི་རྒྱུགས་ལན་གཉིས་ཕུལ་ཞིང་། 2024ལོར་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་109.37ཟིན་པ་དང་སྲིད་དོན་ཞབས་ཞུའི་བློ་ཡིད་ཚིམ་ཚད་98%ཡན་ཟིན་ཡོད།
སྤྱི་པའི་ཐོན་ཁུངས་ཉོ་ཚོང་དེ“སྦྲེལ་ཐག་ཧྲིལ་པོ་ཁ་གསལ་བའི”ཕྱོགས་སུ་བསྐྱོད་པ།
ཆབ་མདོ་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སུ་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ཤིག་གི་དྲ་ཐོག་འོས་འགུགས་ཚོགས་འདུ་འཚོག་བཞིན་ཡོད་ཅིང་། གསང་རྟགས་སྣོན་ནས་བརྒྱུད་གཏོང་དང་། འོས་དཔོད་ཡིག་ཆའི་གསང་འགྲོལ། རིག་ནུས་ཅན་གྱི་འོས་དཔྱད་སོགས་གྲངས་འཛིན་ཅན་གྱི་བྱ་ཐབས་ཁག་རིམ་བཞིན་དམ་པོར་སྦྲེལ་ཡོད། བརྒྱུད་རིམ་ཧྲིལ་པོར“ངོ་འཕྲད་བྱེད་མི་དགོས་པའི”བཀོལ་སྤྱོད་བྱས་པ་ལས་འོས་དཔོད་བྱེད་མཁན་ཝུའེ་ཧྥུའུ་ཅུན་གྱིས“སྔོན་ཆད་འོས་དཔོད་བྱེད་པར་དཔྱད་ཡིག་མང་པོ་འཁྱེར་དགོས་ཀྱི་ཡོད། བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་གྱི་འོས་དཔོད་ལག་བསྟར་བྱས་པ་ནས་བཟུང་མ་གནས་དམའ་རུ་ཕྱིན་ཡོད་ལ་རིག་ནུས་ཅན་གྱི་འོས་དཔྱད་དང་ཡུལ་གཞན་གྱི་རྒྱང་སྦྲེལ་འོས་དཔྱད་སྔར་བས་དྲང་གཞག་དྲང་བདེན་དུ་གྱུར་ཡོད”ཅེས་སེམས་འགུལ་ཆེན་པོས་བཤད།
2024ལོར་ཆབ་མདོ་གྲོང་ཁྱེར་གྱིས་བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་གྱི་ཉོ་ཚོང་ལས་སྟེགས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པར་ལས་གྲྭ་འཛུགས་སྐྲུན་དང་སྲིད་གཞུང་གི་ཉོ་སྒྲུབ་སོགས་རྣམ་གྲངས་སྣ་ཚོགས་ལ་ཁྱབ་ཏེ“ཐོ་འགོད་དང་། འོས་སྐུལ། འོས་དཔོད། འོས་དཔྱད། ཁྱབ་བསྒྲགས”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་འབྲེལ་མཐུད་དམ་ཟབ་བྱས་ནས་དྲ་ཐོག་བཀོལ་སྤྱོད་དང་། དྲ་ཐོག་ཉོ་ཚོང་བྱེད་ཚད་100%བར་མཐོ་རུ་ཕྱིན་ཏེ་ཚད་ལྡན་ནུས་ཆེ་དང་དྲང་གཞག་འགྲན་རྩོད་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁྲོམ་རའི་ཁོར་ཡུག་ཅིག་གྲུབ་ཡོད། གྲངས་གཞི་ལས་མངོན་པར། ན་ནིང་གཉེར་སྐྱོང་བྱེད་པོའི་ཉོ་ཚོང་འོས་སྐུལ་འོས་དཔོད་ཐེངས་1274བྱས་པར་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་109.37ཟིན་ཡོད། དེའི་ཁྲོད་ལས་གྲྭ་འཛུགས་སྐྲུན་རིགས་ཀྱི་ཉོ་ཚོང་གིས་བཟུང་བའི་བསྡུར་ཚད་བཅུ་ཆ་བདུན་ལས་བརྒལ་ནས་མ་འཇོག་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།
“ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་འོས་དཔོད་གྲངས་གཞིར་དབྱེ་ཞིབ་བྱས་པ་བརྒྱུད། ང་ཚོས་ཤེས་རྟོགས་བྱུང་བའི་མི་མངོན་པའི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་དུས་ཐོག་ཏུ་ལྟ་འདོམས་སྡེ་ཚན་ལ་རྩིས་སྤྲད་ནས་ཐག་གཅོད་ཐུབ་ཡོད། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་ཀྱིས‘ཉིན་མོ་དང་། གཟའ་འཁོར། ཟླ་བ། ལོ’བཅས་རིམ་པ་བཞིའི་བསྡོམས་རྩིས་ལམ་སྲོལ་སྤྱད་དེ་གྲངས་གཞིར་སྔོག་འདོན་གཏིང་ཟབ་བྱས་པས། གཉེར་སྐྱོང་བྱེད་པོའི་ཉོ་ཚོང་བྱ་སྤྱོད་དང་འཕེལ་ཕྱོགས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་འགན་འཁུར་བ་ཉི་དབང་གིས་ངོ་སྤྲོད་བྱས།
དམངས་འཚོའི་རེ་ཞུ“ཐད་སྦྲེལ་ཁ་པར་ནས་བསྒྲུབ་རྒྱུ”མངོན་འགྱུར་བྱུང་བ།
“ཕྱི་པོ་དེ་འདྲ་ལའང་ཨར་ལས་བྱེད་ཀྱི་འདུག སང་ཉིན་ད་དུང་ཕྲུ་གུ་སྔ་པོ་ནས་སློབ་གྲྭར་འགྲོ་དགོས་པས་ཐག་གཅོད་བྱེད་རོགས”ཞེས་ཉེ་དུས་ཆབ་མདོ་གྲོང་ཁྱེར་གྱི་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལེན་མཁན་ལ་གྲོང་མི་ཞིག་གི་རེ་ཞུའི་ཁ་པར་འབྱོར། ལས་ཐོ་བཀོད་རྗེས་ལས་དོན་པས་འཕྲལ་མར་ཁོར་ཡུག་སྲུང་སྐྱོང་དང་སྡོད་ཁང་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཆུ་ཚོད་གཉིས་ནང་མང་ཚོགས་ལ་བསུན་པོ་བཟོས་པའི་གནད་དོན་དེ་ཐག་གཅོད་བྱུང་ཡོད། “རེ་ཞུའི་ཁ་པར་འབྱོར་མ་ཐག་ཐག་གཅོད་བྱེད་པའི”ལས་ཕྱོད་ཆེན་པོ་དེ་འདྲ་ཡོང་དོན་ནི་དོན་དག་ཚད་ལྡན་ཅན་གྱི་སྒྲུབ་རིམ་རིགས་17དང་སྡེ་ཚན་34ཡི་མཐུན་སྦྱོར་ལམ་སྲོལ་གྱི་འདེགས་སྐྱོར་ཆེན་པོ་ཡོད་པས་རེད།
12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལྟེ་གནས་ཀྱི་གློག་རྡུལ་བརྙན་ཤེལ་ཐོག“དམངས་ཀྱི་གནས་ཚུལ་རི་མོ”སྐབས་བསྟུན་མཐོང་རྒྱུ་ཡོད། ང་ཚོས་ABCརིགས་དབྱེ་ལས་ཐོའི་ལམ་སྲོལ་བརྒྱུད་ནས་ཆུ་ཚོད་2ནང་སྡེ་ཚན་བརྒལ་བའི་མཉམ་འགུལ་ཐག་གཅོད་ལེགས་གྲུབ་བྱས་ཏེ། ཐད་སྦྲེལ་ཞབས་ཞུ་ཚན་རིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས། ‘གནད་དོན་གཅིག་ཐག་གཅོད་བྱེད་པ་ནས‘གནད་དོན་རིགས་གཅིག་ཐག་གཅོད་བྱེད་པའི”ཕྱོགས་སུ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ཡོད། ཆབ་མདོ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཀྲན་ཕེང་གིས། ཡང་ཡང་ཐོན་པའི་ཨར་ལས་ཀྱི་འཛེར་སྒྲའི་ཞུ་གཏུག་ལ་དམིགས་ནས་ཐད་སྦྲེལ་ཁ་པར་ལྟེ་གནས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་སྡོད་ཁང་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འགུལ་བྱས་ཏེ། “སྔོན་ཚུད་ནས་སྔོན་བརྡ་གཏོང་བ་དང་། ལས་དཀྱིལ་དུ་ཨ་ལན་སློག་པ། ལས་རྗེས་འཚམས་འདྲིར་བསྐྱོད་པ”བཅས་ཀྱི་ལམ་སྲོལ་བཙུགས་ཏེ། རིགས་གཅིག་པའི་གནད་དོན་ཞུ་གཏུག་མང་པོ་བརྒྱབ་པའི་གནས་ཚུལ་འབྱུང་རྩ་ནས་ཉུང་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཞབས་ཞུ་བྱེད་སྟངས་གསར་གཏོད་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།
ཆབ་མདོ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ཁེར་གཉེར་བ་རྒྱལ་མཚན་ནོར་བུར་སྐར་མ་བཅུ་ལྷག་ཙམ་ནང་ལས་གཉེར་ལག་ཁྱེར་རག་པ་རེད། དེ་སྔའི་ལས་སྒྲུབ་དུས་ཚོད་དང་བསྡུར་ན་ད་ཆ་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་གྱི་ཐོ་འགོད་བྱེད་སྟངས་སྤྱད་པས་ལས་གཉེར་ལག་ཁྱེར་གཉེར་བའི་དུས་ཚོད་ཐུང་དུ་སོང་བ་མ་ཟད། འཕྲལ་སྒྲུབ་འཕྲལ་གཅོད་ཐུབ་པ་དེ་ནི་ཆབ་མདོ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བའི་གྲུབ་འབྲས་ལས་བྱུང་བ་ཞིག་རེད།
2024ལོར། ཆབ་མདོ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་རིམ་པ་དང་སྡེ་ཚན་གྱི་བཀག་རྒྱ་གཏོར་ནས་སྡེ་ཚན་12ཀྱི་ཞབས་ཞུ་སྒྲུབ་མང་བའི་དོན་ཚན་98སྡེབ་སྒྲིལ་བྱས་པ་དང་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་4བཙུགས་པས། མང་ཚོགས“དོན་དག་གཅིག་གཉེར་བར་སྐར་ཁུང་མང་པོར་འགྲོ་བ”ནས“སྐར་ཁུང་གཅིག་ནས་དོན་དག་མང་པོ་སྒྲུབ་པའི”བར་འགྱུར་ལྡོག་བྱུང་ཡོད། མིག་སྔའི་བར། འབྲེལ་ཡོད་དོན་དག་ཁག་60ལྷག་ཙམ་བསྒྲུབས་ཡོད།
“ཞིང་བརྒལ་ཀུན་སྒྲུབ”ལ་ཚད་བརྒལ་བྱུང་བས་དཔེ་སྟོན་གྱི་དོན་སྙིང་དེ་བས་ཆེན་པོ་ལྡན་ཞིང་། སྲིད་དོན་ཞབས་ཞུའི་དོན་ཚན་ཁག་108“ཞིང་བརྒལ་ཀུན་སྒྲུབ”ཐུབ་ཡོད། འཇོ་མདའ་རྫོང་དང་གོ་འཇོ་རྫོང་གིས་སི་ཁྲོན་སྡེ་དགེ་རྫོང་དང་། དཔལ་ཡུལ་རྫོང་། ཁྲེང་ཏུའུ་ཝུའུ་ཧོའུ་ཆུས་སོགས་དང“ཞིང་བརྒལ་ཀུན་སྒྲུབ”མཉམ་ལས་གྲོས་མཐུན་ཧུར་ཐག་བཞག་ནས་ཡུལ་གཞན་དུ་དོན་དག་སྒྲུབ་པར་སྔར་བས་སྟབས་བདེ་སྐྲུན་ཡོད། གོ་འཇོ་རྫོང་ཁོ་ནར་2024ལོར་རིམ་རྩིས་བརྒྱབ་ན“ཞིང་བརྒལ་ཀུན་སྒྲུབ”ཀྱི་ལས་སྒོ་ཁག་4126བསྒྲུབས་ཡོད།
གངས་ལྗོངས་ས་མཐོ་ནས་གྲངས་འཛིན་དྲ་སྣེའི་བར་དང་ཐད་སྦྲེལ་ཁ་པར་གྱི་སྣེ་མོ་ནས་ཞབས་ཞུའི་འཐབ་ས་དང་པོའི་བར། ཆབ་མདོ་གྲོང་ཁྱེར་གྱིས་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་ཞབས་ཞུའི་བརྒྱུད་རིམ་བསྐྱར་སྒྲིག་བྱེད་པ་དང་། ལམ་སྲོལ་གསར་གཏོད་ལ་བརྟེན་ནས་སྲིད་འཛིན་གྱི་བཀག་རྒྱ་གཏོར་བ། གྲངས་གཞིས་མཐུན་རྐྱེན་སྦྱོར་བར་བརྟེན་ནས་བཅོས་སྐྱོང་གི་ཞིབ་ཚད་མཐོ་རུ་བཏང་ཡོད། སླད་ཕྱིན་ཆབ་མདོ་གྲོང་ཁྱེར་གྱིས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྲིད་དོན་ཞབས་ཞུའི་དཔྱིད་རླུང་གིས་ཁེ་ལས་དང་མང་ཚོགས་དེ་བས་མང་བའི་སེམས་ལ་དྲོ་སྐྱིད་སྦྱིན་རྒྱུ་རེད།