རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྔོན་ཐོན་པའི་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པའི་བྱས་རྗེས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་གཞུང་དོན་ཁང་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྔོན་ཐོན་པའི་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པའི་བྱས་རྗེས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ་རེད།
རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཝང་ཅུན་དང་ཁྲེན་ལེང་ཅེ་དང་། ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མདའ་འཕེན་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཁྲེན་མིན་དབྱི། ཝུའུ་ཧན་རང་བྱུང་བཟོ་སྐྲུན་སློབ་ཆེན་གྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཧོང་དབྱིང་། ཅང་ཤིས་ཅི་ཨན་གསར་བརྗེའི་གནས་རྙིང་ཁུལ་གྱི་གྲོང་གསེབ་ཀྱི་སྨན་པ་ཁྲེན་ཀུའེ་ཕིང་། ཅང་སུའུ་ཏུང་ཐའེ་དམིགས་བསལ་སློབ་གསོའི་དགེ་རྒན་ལི་ཁང་། ཡུན་ནན་མི་རིགས་གྱོན་ཆས་བཟོ་རྩལ་ཐོན་རྫས་ལས་གཏོད་པ་ཚི་ལུའུ་ཧེང་། ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུས་ཧྲ་ཕིང་པ་ཆུས་ཡན་ལག་ཅུས་ཧུང་ཡན་མངགས་གཏོང་ཁང་གི་སློབ་སྟོན་པ་ཧོ་ཆའོ་བཅས་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་དང་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་འཐུས་མི་བརྒྱད་ཀྱིས་བབ་ཆགས་པའི་སྐད་ཆ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་རང་སོ་སོའི་ཁྱབ་ཁོངས་མི་འདྲ་བར་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པར་དེར་ཡོད་ལྟད་མོ་བ་ཚོའི་དགའ་བསུ་ཡང་ཡང་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་གྲོལ་རྗེས་སྙན་ཞུ་ཚོགས་པའི་ཁོངས་མི་པེ་ཅིང་དང་། ཐེན་ཅིན། ཧྥུའུ་ཅན། ཧུའུ་ནན། ཧྲའན་ཤིས། ཉིང་ཞ་བཅས་ཞིང་ཆེན་དྲུག(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དུ་བསྐྱོད་དེ་སྐོར་སྐྱོད་སྒྲོག་འགྲེལ་བྱས་ནས་གཟི་བརྗིད་དང་གཟེངས་བསྟོད་ཀྱི་སྙིང་སྟོབས་ཀྱི་སྣེ་ཁྲིད་དང་དཔེ་མཚོན་དཔེ་སྟོན་གྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག དོ་ཁུར། རོགས་རམ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་གཏོད་རྒྱུ་ཡིན་པ་རེད།