དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་དང་ཤིན་ཅང་ས་གནས་གཉིས་དབར་འཚང་གཡོལ་ལྗང་མདོག་གློག་ཤུགས་ཉོ་ཚོང་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཕན་ཅུན་ཆང་།   |     སྤེལ་དུས།  2025-05-21

    ས་སྲོད་ཀྱི་རྒྱལ་ས་པེ་ཅིང་དུ་ཁྱིམ་ཚང་ཚང་མར་གློག་སྒྲོན་སྤོར་འགོ་ཚུགས། རྒྱལ་ཁབ་ཟློས་གར་ཁང་ཆེན་པོའི་གར་སྟེགས་དེ་གློག་འོད་འོག་ལྷག་པར་མཛེས། སྤྱི་ལེ་3000ཙམ་བརྒལ་བའི་ཤིན་ཅང་གི་ལྗང་མདོག་གློག་ཤུགས་དེ་གློག་འདྲེན་སྐུད་ལམ་བརྒྱུད་ཡུད་ཙམ་ཞིག་ལ་དེ་གར་གཏོང་གི་ཡོད།

    མིག་སྔར། གསར་འགོད་པས་རྒྱལ་སའི་གློག་ཤུགས་ཉོ་ཚོང་ལྟེ་གནས་ནས་ཤེས་རྟོགས་བྱས་པར། ཟླ་4པར་ཤིན་ཅང་གིས་པེ་ཅིང་དུ་བཏང་བའི་ཆུ་ཚོད་ཆན་ཝ་ཁྲི་1200ཡི་འཚང་གཡོལ་ལྗང་མདོག་གློག་ཤུགས་ཉོ་ཚོང་ཚང་མ་ལེགས་གྲུབ་བྱུང་བ་དང་བསྟུན་ནས། པེ་ཅིང་དང་ཤིན་ཅང་གིས་ལག་གདང་སྦྲེལ་ནས“ཤིན་ཅང་གི་ལྗང་མདོག་གློག་ཉིན་གུང་གཏོང་བ་དང་། པེ་ཅིང་གིས་དགོང་མོར་སྤྱོད་པའི”ཁྲོམ་ར་ཅན་གྱི་ཉོ་ཚོང་བྱེད་སྟངས་གསར་པ་སྤྱད་ནས་ཤིན་ཅང་གི་ཕྱི་དྲོའི་ཉི་འོད་ཀྱིས་པེ་ཅིང་གི་མཚན་མོའི་ཡུལ་ལྗོངས་ལས“བཀྲག་མདངས་འཚེར་བ”བྱས་ཡོད།

    ད་ཐེངས་འཚང་གཡོལ་ཉོ་ཚོང་གི་ལྗང་མདོག་གློག་ཤུགས་གཙོ་བོ་ཤིན་ཅང་ཨ་ལེ་ཐའེ་དང་ཧ་སྨི་སོགས་ས་ཁུལ་གྱི་འོད་ཤུགས་གློག་གཏོང་ཁེ་ལས་ནས་བཏང་བ་དང་། ཆེས་མཐོ་གནོན་གྱི་ཐད་རྒྱུག་ལས་གྲྭའི་སྐུད་ལམ་བརྒྱུད་པེ་ཅིང་དུ་འཚང་གཡོལ་བྱས་ནས་བསྐྱལ་ཏེ་གཙོ་བོ་རྒྱལ་ཁབ་ཟློས་གར་ཁང་ཆེན་པོ་དང་། རྒྱལ་ཁབ་དཔེ་མཛོད་ཁང་། རྒྱལ་སའི་རྟེན་མཛོད་ཁང་སོགས་གློག་ཤུགས་སྤྱོད་མཁན་ཁག་གཅིག་གི་ལྗང་མདོག་ནུས་སྤྱོད་ཀྱི་དགོས་མཁོ་སྐོང་གི་ཡོད་པ་རེད།

    པེ་ཅིང་དང་ཤིན་ཅང་དབར་ཉུང་མཐར་ཡང་ཆུ་ཚོད་2ཀྱི་དུས་ཁྱད་ཡོད་པ་དང་ལོ་རེའི་ཟླ་4པར་ཤིན་ཅང་གི་འོད་གློག་གཏོང་ཤུགས་ཆེ་ཤོས་ནི་ཉིན་རེའི་ཆུ་ཚོད་15པར་ཡིན་པ་དང་པེ་ཅིང་གི་གློག་སྤྱོད་ཚད་མཐོ་ཤོས་ནི་ཆུ་ཚོད་17པ་ནས་འགོ་ཚུགས་ཀྱི་ཡོད། ས་གནས་གཉིས་ཀྱིས་འཚང་གཡོལ་ཉོ་ཚོང་བྱས་ནས་ལྗང་མདོག་གློག་གཏོང་གི“དུས་དང་བར་སྟོང་གི་འགག་སྒོ”ལས་སྒྲོལ་ཐུབ་པ་དེས་ནུས་རྒྱུ་གསར་པའི་ཁེ་ལས་ཀྱིས་གློག་གཏོང་ནུས་པར་སྔར་བས་ཡང་དག་པའི་སྒོ་ནས་སྔོན་དཔག་ཐུབ་པ་མ་ཟད། ཆུ་ཚོད་རིམ་པའི་ཉོ་ཚོང་ལ་བརྟེན་ནས་ལྗང་མདོག་གློག་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། ཤིན་ཅང་གི་ཕྱི་དྲོའི་འོད་གློག་གཏོང་ཤུགས་ཆེ་ཤོས་དང་པེ་ཅིང་གི་ས་སྲོད་ཀྱི་གློག་སྤྱོད་ཚད་མཐོ་ཤོས་གཉིས་གནད་ལ་འཁེལ་པོས་སྦྲེལ་མཐུད་ཐུབ་ནས་ནུས་རྒྱུའི་དུས་དང་བར་སྟོང་ཕན་ཚུན་གསབ་རེས་བྱེད་པའི་རྣམ་པ་ཞིག་ཆགས་ཡོད།

    རྒྱལ་སའི་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱི་ལས་མི་ཚུའེ་ཏུང་ཅུན་གྱིས་ངོ་སྤྲོད་བྱས་པར། ལྗང་མདོག་གློག་ཤུགས་འཚང་གཡོལ་ཉོ་ཚོང་བྱེད་སྟངས་གསར་པ་ནི་པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་། རྒྱལ་ས་གློག་ཤུགས་ཉོ་ཚོང་ལྟེ་གནས། ཤིན་ཅང་གློག་ཤུགས་ཉོ་ཚོང་ལྟེ་གནས་བཅས་ཀྱིས་མཉམ་དུ་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། ལྗང་མདོག་གློག་ཤུགས་པེ་ཅིང་དུ་གཏོང་བའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་དུས་མཚུངས་ཤིན་ཅང་གི་ཉི་འོད་འཕྲོ་ནུས་ཆེ་ཤོས་དུས་ཀྱི་འོད་ཤུགས་འདྲེན་སྤྱོད་ལའང་སྐུལ་མ་ནུས་ལྡན་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།