དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སོ་བཞི་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-21

    ཟླ་5ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི་ཡིན་པའི་དབྱི་རག་གི་ཙུང་ཐུང་ལཱ་ཤིས་ཏེར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སོ་བཞི་པ་པ་ཀ་ཏར་འཚོགས་པར་རྟེན་འབྲེལ་ཞུས་གནང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཨ་རབ་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། ཨ་རབ་རྒྱལ་ཁབ་ཀྱི་དྲང་བདེན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བརྟན་པོ་བྱེད་པ་མཚོན་ཞིང་། དེས་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་རང་རང་སོ་སོའི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་ཆུ་ཚད་དེ་བས་མཐོ་བའི་ཨ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གདེང་ཚོད་དང་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད།

    “ཨ་ཀྲུང་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ”

    དབྱི་རག་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཤིས་ཧྲ་མུའུ·ཨ་ལ་ཝེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་པ་གསལ་པོ་མངོན་ཡོད་པས། ཨ་ཀྲུང་མཛའ་གྲོགས་མཉམ་ལས་དེ་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་ཐེབས་ངེས་རེད། ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་གོས་རྒྱབ་སྐྱོར་བརྟན་པོ་བྱས་པར་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡིན་ཞེས་བརྗོད།

    དབྱི་རག་སྲིད་གཞུང་གི་མགྲིན་ཚབ་པ་པཱ་ཞི་མུའུ·ཨ་ཝ་ཏི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལཱ་ཤིས་ཏེར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བར་དབྱི་རག་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དབྱི་ཀྲུང་དང་ཨ་ཀྲུང་གི་འབྲེལ་བ་མུ་མཐུད་ཟབ་ཏུ་འགྲོ་བའི་ཡིད་ཆེས་ཀྱང་ཡོད་ཅེས་བརྗོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་ཡོད”ཅེས་ཨར་ཅི་རི་ཡའི་དར་གོས་ལམ་བུའི་གསར་འགྱུར་དྲ་ཚིགས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་པུའུ་ཏུའུ·ཁཱ་ཏིར་གྱིས་བརྗོད་པ་དང་། ཁོང་གིས“ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨ་རབ་རྒྱལ་ཁབ་ཀྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱས་པ་དེ་ཐོག་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་ཡོད”ཅེས་བརྗོད།

    “ཨ་ཀྲུང་ཕྱོགས་གཉིས་ཀར་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པ”

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་རབ་རྒྱལ་ཁབ་ཀྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་ཡོད། ཨ་རབ་ཕྱོགས་ཀྱིས་དེའི་ཐད་མོས་མཐུན་ཆེན་པོ་བྱེད་པ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡིན”ཞེས་སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་རིག་པ་མཁས་ཅན་ཨ་པུའུ་ཏུའུ་ལ·ཨ་ལེ་ཨ་ཐིས་བརྗོད་པ་དང་། ཁོང་གིས། ཨ་ཀྲུང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེ་ཞིང་ཕྱོགས་གཉིས་པོའི་དབར་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། བར་སྣང་ལག་རྩལ་སོགས་ཀྱི་ཐད་མཉམ་ལས་བྱེད་པའི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད། “འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་གནང་བ་ལྟར། འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་ཐབས་ཤེས་གཙོ་བོ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་དག་ཨ་རབ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཚད་མཐོའི་གཅིག་མཐུན་ཡིན་པས། སོ་ཏི་ཨ་རབ་ཀྱིས་ཀྲུང་གོ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད”ཅེས་བརྗོད།

    “ཨ་ཀྲུང་མཉམ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད”ཅེས་ཁཱ་ཏིར་གྱིས་བརྗོད་པ་དང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། ཨ་ཀྲུང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས། 2024ལོར་ཨ་ཀྲུང་གི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་4000ལྷག་ཙམ་ཟིན་ཡོད། “ཨ་ཀྲུང་གིས་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གསར་གཏོད་ཧུར་ཐག་བྱེད་པ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་འཛུགས་སྐྲུན་དང་། འཕྲོད་བསྟེན་སྨན་བཅོས། འཇིག་རྟེན་འཕུར་སྐྱོད་མཉམ་ལས་སོགས་ཁྱབ་ཁོངས་ཐད་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་རྣམ་གྲངས་གལ་ཆེན་རབ་དང་རིམ་པས་ས་ཁུལ་དང་རྒྱལ་ཁབ་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད”ཅེས་བརྗོད།

    “ཨ་རབ་རྒྱལ་ཁབ་ཀྱིས་ཨ་ཀྲུང་དབུ་ཚོགས་སྐབས་གཉིས་པ་འཚོག་རྒྱུའི་རེ་སྒུག་བྱེད་པ”

    “ཉིན་ཤས་གོང་། ང་རང་ཀྲུང་གོར་ཨ་ཀྲུང་མཉམ་ལས་གླེང་སྟེགས་ཀྱི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་སྐབས་བཅུ་གཅིག་པ་དང་མ་འཇོག་བགྲོ་གླེང་ཚོགས་འདུ་སྐབས་དགུ་པར་ཞུགས་སྐབས་ཨ་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་རྣམ་པ་ཟབ་མོ་ཚོར་བྱུང་། ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་ཨ་ཀྲུང་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས། སང་ལོ་ཀྲུང་གོར་གཉེར་རྒྱུ་ཡིན་པའི་ཨ་ཀྲུང་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུའི་གྲ་སྒྲིག་ཨང་གསར་བྱེད་འདོད་ཡོད”ཅེས་ཨ་ལཱ་ཝེ་ཡིས་བརྗོད་པ་དང་། ཁོང་གིས། ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་གོ་མཉམ་ལས་རོགས་ཟླ་གལ་ཆེན་ལ་བརྩིས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཨ་ཀྲུང་གིས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་སྟེ། ཨ་ཀྲུང་དར་རྒྱས་གོང་འཕེལ་ཡོང་བའི་འདུན་པ་མངོན་འགྱུར་བྱ་རྒྱུ་རེད་ཅེས་བརྗོད།

    ཨ་ལེ་ཨ་ཐིས། 2022ལོར་རི་ཡ་ཏེ་རུ་གཉེར་བའི“རྒྱལ་ཁབ་གསུམ་གྱི་དབུ་ཚོགས”ཀྱིས་ཨ་རབ་རྒྱལ་ཁབ་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བར་ལས་སྟེགས་བསྐྲུན་ཡོད་པ་དང་། སོ་ཏི་ཨ་རབ་སོགས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་བྱ་གཞག་གི་འགྱུར་མེད་ཀྱི་རྒྱབ་སྐྱོར་བ་དང་ཨ་རབ་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་རེད། ཨ་ཀྲུང་དབུ་ཚོགས་སྐབས་གཉིས་པ་དེ་ཉིད་ཨ་ཀྲུང་འབྲེལ་བའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་ཏུ་གྱུར་ནས། ཆུ་ཚད་དེ་བས་མཐོ་བའི་ཨ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་རྨང་གཞི་བརྟན་པོ་ཞིག་འདིང་ངེས་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    ཁཱ་ཏིར་གྱིས། 2022ལོར་གཉེར་བའི་ཨ་ཀྲུང་དབུ་ཚོགས་སྐབས་དང་པོར་ཨ་ཀྲུང་ཕྱོགས་གཉིས་པོས་དུས་རབས་གསར་པར་ཕྱོགས་པའི་ཨ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པས། ཨ་ཀྲུང་དབུ་ཚོགས་སྐབས་གཉིས་པ་ནི་རེ་སྒུག་བྱེད་རིན་ཡོད་པ་ཞིག་རེད། “ཨ་ཀྲུང་གིས་ལག་རྩལ་གསར་གཏོད་དང་། ལྗང་མདོག་དཔལ་འབྱོར། འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དེས་ཨ་ཀྲུང་འབྲེལ་བ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་ཐུབ”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།