ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་ཁུལ་གྱི་མཉམ་ལས་རིམ་སྤོར་གྱིས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་བ།
ཐང་ཀྲི་མིན།
ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་ནི་ལོ་མང་རིང་གི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་དང་། ཕྱོགས་གཉིས་པོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱི་རིམ་སྤོར་གྲོས་ཆོད་ཡི་གེར་གང་མགྱོགས་མིང་རྟགས་བཀོད་ནས་ལག་བསྟར་ལ་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོའི་མཉམ་ལས་ལ་ཁྲིད་སྟོན་བྱས་ནས་གཉིས་ཁེ་གཉིས་ཕན་སྔར་བས་མངོན་འགྱུར་ཐུབ་རྒྱུ་རེད།
2024ལོའི་ཟླ་10པར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱི་རིམ་སྤོར་གྲོས་མོལ་ལ་དོན་དམ་པའི་གྲུབ་འབྲས་ཐོབ་པ་དང་། ལམ་ཚད་རྡོ་རིང་གི་བྱ་བ་དེ་ལས་ཕྱོགས་གཉིས་པོས་རང་མོས་ཚོང་དོན་མ་ལག་སྲུང་སྐྱོང་བརྟན་པོ་བྱེད་པའི་ཆོད་སེམས་མངོན་པ་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཞན་པ་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་དོད་དུ་འགྲོ་བའི་མདུན་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱིས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་མ་ལག་སྐྲུན་པར་སྐུལ་འདེད་གཏོང་བའི་བརྡ་རྟགས་གལ་ཆེན་བཏང་ནས། ལམ་ལུགས་ཐད་ནས་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་དང་ས་ཁོངས་ཀྱི་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད།
2010ལོར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་ཁུལ་ཁྱོན་ཡོངས་ནས་བསྐྲུན་ཚུན། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རང་མོས་ཚོང་དོན་ཁུལ་དེ་རྒྱུན་མཐུད་རིམ་སྤོར་དང་རིམ་འཇུག་བྱས་ཡོད། མིག་སྔར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་ལོ་5བསྟུད་མར་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་བརྟན་པོར་གནས་ཤིང་། ཀྲུང་གོས་ལོ་16བསྟུད་མར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། 2021 ལོའི་ཟླ་11པར། ཀྲུང་གོས་རང་མོས་ཚོང་དོན་ཁུལ་པར་གཞི་3.0ལྟར་བསྐྲུན་རྒྱུའི་གྲོས་འགོ་བཏོན་རྗེས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་དང་ལེན་ཧུར་ཐག་བྱས་པ་དང་ཕྱོགས་གཉིས་པོས་2022ལོའི་ཟླ་11པར་རིམ་སྤོར་གྱི་གྲོས་མོལ་བྱེད་འགོ་ཚུགས་པ་རེད། ཉེ་བའི་ལོ་གཉིས་རིང་། དངོས་གཞིའི་གྲོས་མོལ་རེས་སྐོར་9དང་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་བརྒྱ་ལྷག་ཙམ་འཚོགས་པ་བརྒྱུད་རིམ་སྤོར་གྲོས་མོལ་བྱེད་མཇུག་ཡག་པོ་འགྲིལ་ཏེ་ཕྱོགས་གཉིས་པོས་2025ལོར་རིམ་སྤོར་གྲོས་ཆོད་ལ་མིང་རྟགས་འགོད་རེ་ཡོད་ཅིང་། སྐབས་དེར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་མཉམ་ལས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་རྒྱུ་རེད།
གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། མཁོ་སྤྲོད་འཁོར་འབྲེལ་གྱི་འབྲེལ་མཐུད་བཅས་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱི་བཀྲག་མདངས་འཚེར་ས་ཞིག་རེད། གྲངས་འཛིན་དཔལ་འབྱོར་ཐད་ཕྱོགས་གཉིས་པོས་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་ལ་སྐུལ་འདེད་དང་། གློག་རྡུལ་འཛིན་ཤོག་དང་གློག་རྡུལ་གཏོང་སྤྲོད་སོགས་མ་ལག་ཕན་ཚུན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུ་ཚད་མཐོ་བའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་། གྲངས་འཛིན་ཚོང་དོན་ཚད་གཞི། ཤོག་མེད་ཚོང་དོན། དྲ་རྒྱའི་བདེ་འཇགས་སོགས་སྒྲིག་སྲོལ་དོན་ཚན་ནང་འཇུག་རྒྱུའི་མོས་མཐུན་བྱས་པ་རེད། ལྗང་མདོག་དཔལ་འབྱོར་ཐད་ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་མཉམ་ལས་ཀྱི་གཞི་རྩའི་རྩ་དོན་དུ་བརྩིས་ནས། ལྗང་མདོག་ཚོང་དོན་དང་། ལྗང་མདོག་མ་འཇོག ལྗང་མདོག་ཚད་གཞི་སོགས་སྔོན་སྤེལ་ཁྱབ་ཁོངས་བརྒྱད་ནང་ཉམས་མྱོང་མཉམ་སྤྱོད་དང་སྲིད་ཇུས་སྤེལ་རེས་གཏིང་ཟབ་བྱས་ཏེ། རྒྱུན་མཐུད་ཐུབ་པའི་ནུས་རྒྱུ་སོགས་ལྗང་མདོག་ཐོན་ལས་ཀྱི་ཚོང་དོན་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཟོས་ཡོད།
ད་ཕན་ལོ་ཤས་རིང་། ཀྲུང་གོ་དང་ཐེ་ལན་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་དྲ་ཐོག་ཚོང་དོན་དང་། འོད་ཤུགས་གློག་འདོན། ལྗང་མདོག་ཞིང་ལས། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་སུ་མཉམ་ལས་རྒྱ་ཁྱབ་བྱས་ཡོད། ཀྲུང་གོའི་རྒྱལ་སྒྲོལ་དྲ་ཐོག་ཚོང་པ་དང་ཨེ་ཤེ་ཡ་ཤར་ལྷོའི་ཡུལ་དེ་གའི་དྲ་ཐོག་ཚོང་པས་ཕྱོགས་གཉིས་པོའི་ཐོན་རྫས་རྩེ་གྲས་དང་འཛད་སྤྱོད་ཁྲོམ་རའི་སྦྲེལ་མཐུད་ལ་མཉམ་དུ་ཤུགས་སྣོན་བརྒྱབ་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཕྱོགས་གཉིས་པོའི་ཞིང་ལས་མཉམ་ལས་ལམ་སྲོལ་མང་པོ་བཟོས་པ་དང་། ཀྲུང་གོའི་མ་རྩ་དང་ལག་རྩལ་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཁྲོམ་ར་རྒྱ་བསྐྱེད་དང་ས་གནས་དེ་གའི་ཞིང་དུད་ཀྱི་འཚོ་བ་ལེགས་སུ་གཏོང་བར་རམ་འདེགས་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་ཐེ་ལན་དང་། མ་ལེ་ཞི་ཡ། ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་ཏུ་མ་རྩ་བཏང་ནས་ཐོན་སྐྱེད་རྟེན་གཞི་བསྐྲུན་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱིས་ཕྱོགས་གཉིས་པོས་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྟབས་བདེ་དེ་བས་མང་བ་བསྐྲུན་ནས། ཕྱོགས་གཉིས་པོ་འཛམ་གླིང་དཔལ་འབྱོར་གསར་གཏོད་ཀྱི་མདུན་གྲལ་དུ་བསྐྱོད་པར་ཁྲིད་སྟོན་བྱ་རྒྱུ་རེད།
(རྩོམ་པ་པོ་ནི་ཐེ་ལན་ཀྲེང་ཏ་དོ་དམ་སློབ་གླིང་གི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན་པ)