དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དབྱར་ཐོག་མའི་ཡུལ་ལྗོངས་ལྟ་ན་སྡུག སྐྱིད་རྐང་ཐང་ཡུལ་སྐོར་དུས་ལ་བབ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཙེང་ཧྭ་ཧྥུང་། ལི་མའོ་དབྱིང་།   |     སྤེལ་དུས།  2025-05-21

    འདི་ནི་ཡུན་ནན་སྟག་མཆོང་གྲོག་རོང་གི་མཐོ་ལམ་རྐང་ཐང་ལམ་ཐིག་ཏུ་སྐྱོད་བཞིན་པའི་ཡུལ་སྐོར་བ་ཡིན་པ།

    དབྱར་ཐོག་མར་ས་གཞི་ཡོངས་སྔོ་ཐིང་ངེར་འགྱུར་ཞིང་། ཟླ་5ཚེས་19ཉིན་ཏེ། “ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཨང་བཅོ་ལྔ་པ་བསུ་ཆེད། ས་ཁུལ་མང་པོས་སྣ་མང་ཕུན་སུམ་ཚོགས་པའི་རྐང་ཐང་བྱེད་སྒོ་སྤེལ་ཞིང་། མི་རྣམས་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་དང་། རིག་གནས་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རྐང་ཐང་དུ་འགྲོ་མཁན་ཡང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།

    འབྲེལ་ལམ་སྨྱན་སྦྱོར་ཐོག རྐང་ཐང་དུ་བསྐྱོད་རྒྱུར་དགའ་པོ་བྱེད་མཁན་ཚོས་ལམ་ཐིག་མི་འདྲ་བར་བསྐྱོད་པའི་མྱོང་ཚོར་མཉམ་སྤྱོད་དང་། སྒྲིག་ཆས་ཀྱི་ཉམས་མྱོང་དང་འགྲོ་སྐྱོད་ཀྱི་ཐབས་རྩལ་སྤེལ་རེས་བྱེད་ཀྱི་ཡོད་པ་དང་། ཐང་སྟོང་དུ་སྐྱོད་སྐབས། མི་རྣམས་ཀྱིས་ཆུ་བོ་བསྒྲོལ་ཞིང་། གྲམ་ཐང་བརྒལ་ནས་རི་ཚོགས་ཀྱི་ཕྱོགས་སུ་བསྐྱོད་དེ། གཟུགས་པོར་སྦྱོང་བརྡར་དང་མི་ཚེའི་བགྲོད་ལམ་ནང་རྒྱང་བཞུད་ཀྱི་བག་ཆགས་ཟབ་མོ་འཇོག་བཞིན་ཡོད།

    རྩོམ་སྒྲིག་པས།

    འཕེལ་རྒྱས་ཀྱི་དཔང་པོ། དམངས་སྲོལ་གནས་ཚང་གཉེར་སྐྱོང་བ་ཧོ་ཅན་ཅུན་གྱིས“རྐང་ཐང་དུ་སྐྱོད་མཁན་ཚོར་བརྗེད་པར་དཀའ་བའི་བག་ཆགས་འཇོག་གི་ཡོད”ཅེས་བཤད།

    རྒྱབ་ཏུ་སྔགས་པ་གངས་རི་དང་ཁ་གཏད་དུ་འཇང་གི་གཡུ་རི་ཡོད་ལ། ཡར་ཚ་རྒྱབ་གཞིས་ཀའི་མགྲོན་ཁང་དག་རི་ཀླུང་དང་ནགས་ཚལ་ཁྲོད་དུ་ཡོད་པས་སྦས་ཡུལ་ལྟ་བུར་སྣང་། “ཉེ་ཆར་ཡུལ་སྐོར་བ་མང་བས། ཁང་པ་ཚང་མ་མངགས་ཚར་སོང”ཞེས་གཞིས་ཀའི་འགན་འཁུར་བ་ཧོ་ཅན་ཅུན་གྱིས་སྤོབས་པ་ཆེན་པོས་བཤད།

    ཡར་ཚ་རྒྱབ་གཞིས་ཀ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྟག་མཆོང་གྲོག་རོང་རྐང་ཐང་ལམ་ཐིག་གི་ལམ་རྒྱུད་གཙོ་བོར་གནས་ཡོད། 2019ལོར་ལས་སྒོ་གཉེར་བ་ནས་བཟུང་། གཞིས་ཀའི་ཐུན་མོང་མ་ཡིན་པའི་ས་ཁམས་གནས་ཡུལ་དང་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད།

    སྟག་མཆོང་གྲོག་རོང་གི་མཐོ་ལམ་རྐང་ཐང་ལམ་ཐིག་ནི“འཛམ་གླིང་གི་རྐང་ཐང་ལམ་ཐིག་ཕུལ་བྱུང་བཅུའི”གྲས་ཡིན་ཞིང་། སྟག་མཆོང་གྲོག་རོང་དུ་ཉེན་ཁ་དང་མཛེས་ལྗོངས་མཉམ་དུ་གནས་པས་མི་མང་པོའི་ཡིད་དབང་ཡོངས་སུ་འཕྲོག་གི་ཡོད། ཧོ་ཅན་ཅུན་གྱིས། ལམ་རྒྱུད་དུ་ད་དུང་འབྲི་ཆུ་དང་འཇང་གི་མཐོན་པོ་བཅུ་གསུམ་གྱི་མཛེས་ལྗོངས་ལའང་ལྟ་ཐུབ་ཅེས་བཤད།

    “ལོ་ཤས་གོང་ལམ་ཐིག་འདིར་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་ཡང་རྒྱལ་ནང་གི་ཡུལ་སྐོར་བ་མང་པོ་མེད” ཧོ་ཅན་ཅུན་གྱི་དྲན་ཤེས་ནང་། སྔོན་ཆད་སྟག་མཆོང་གྲོག་རིང་གི་རྐང་ཐང་ལམ་ཐིག་འདི་དེ་འདྲའི་འཐུས་སྒོ་ཚང་པོ་ཞིག་མེད། ལམ་རྒྱུད་དུ་ལམ་བྱང་ཆ་ཚང་པོ་མེད་ལ་ཞིབ་ཕྲའི་ཡུལ་སྐོར་ཕྱོགས་སྟོན་ཡང་མེད། ཞག་སྡོད་ཆ་རྐྱེན་དེ་བས་ཀྱང་ཞན་ཞིང་། ལམ་རྒྱུད་དུ་ཤིང་ཁང་ཁ་ཤས་ལས་མེད་པ་རེད།

    བྱེས་བགྲོད་ལུས་རྩལ་རྒྱུན་ཆད་མེད་པར་ཁྱབ་གདལ་ཕྱིན་པ་དང་བསྟུན་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་འདུག ལམ་བར་ཏུ་རྐང་ཐང་དུ་བསྐྱོད་རྒྱུར་དགའ་པོ་བྱེད་མཁན་ཚོགས་པ་མང་པོ་མཐོང་གི་འདུག ཁ་ཤས་ཀྱིས་ཆེད་ལས་སྒྲིག་ཆས་ཁྱེར་ནས་གོམ་སྟབས་མྱུར་པོས་སྐྱོད་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་མཛེས་ལྗོངས་ལ་ལྟ་གིན་པར་རྒྱག་བཞིན་ག་ལེར་སྐྱོད་ཀྱི་འདུག

    རྐང་ཐང་ཡུལ་སྐོར་ཉིན་རེ་བཞིན་དར་ཁྱབ་ཕྱིན་ནས་སྟག་མཆོང་གྲོག་རོང་གི་རྐང་ཐང་ལམ་ཐིག་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་ཐེབས་ཡོད། དམངས་སྲོལ་གནས་ཚང་དང་ཐོག་མའི་རེ་གཉིས་ནས་ད་ཆའི་གཞི་ཁྱོན་འདི་ལྟ་བུར་གྱུར་ཡོད། སྔོན་ཆད་རི་ལུང་དུ་ཁེར་རྐྱང་དུ་གནས་པའི་ཤིང་ཁང་དག་ད་ཆ་སྔ་ས་ནས་ཁང་པའི་ཚོམ་བུར་གྱུར་ཡོད། དམངས་སྲོལ་གནས་ཚང་གི་ཞབས་ཞུ་ཡང་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་སྟེ། དང་ཐོག་ཞག་སྡོད་དང་ཟ་འཐུང་སྟབས་བདེ་ཙམ་ལས་མཁོ་འདོན་མི་ཐུབ་པ་ནས་ད་ཆ་སྣེ་ཤན་པ་སྔོན་མངགས་དང་། རྡོག་ཁྲེས་མངགས་སྐྱེལ། ཁྱད་ལྡན་དམངས་སྲོལ་ཉམས་ལེན་སོགས་ཀྱི་ཞབས་ཞུ་གཞི་གཅིག་ཏུ་འདུས་ཡོད།

    “ང་ཚོས་དཀའ་ཚད་མི་འདྲ་བ་དང་ཁྱད་ཆོས་མི་འདྲ་བའི་རྐང་ཐང་ལམ་ཐིག་མང་པོ་འཆར་འགོད་ཞིབ་ཚགས་བྱས་ཡོད། དཀའ་ཚད་ཆེན་པོར་འགྲན་སློང་བྱེད་མཁན་ཆེད་ལས་རྐང་ཐང་བ་དང་། ཡང་ན་བྱིས་པ་ཁྲིད་ནས་ཡོང་མཁན་ཁྱིམ་ཚང་ཡུལ་སྐོར་བ་སུ་ཡིན་རུང་རང་ཉིད་ལ་འཚམ་པའི་ལམ་ཐིག་རྙེད་ཐུབ” དམངས་སྲོལ་གནས་ཚང་གིས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཉམས་ལེན་ཞབས་ཞུ་མང་པོ་བཏོད་ཡོད། “ང་ཚོས་རྐང་ཐང་བ་ཚང་མར་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་འཇོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཧོ་ཅན་ཅུན་གྱིས་བཤད།

    མཚན་མོའི་སྨག་རུམ་གྱི་མུན་པ་རིམ་བཞིན་འཆར། ཡར་ཚ་རྒྱབ་གཞིས་ཀར་མེ་ཕུང་སྤར་ནས་ས་གནས་དེ་གའི་ཡུལ་མི་དང་ཡུལ་སྐོར་བ་ཚོས་མཉམ་དུ་གླུ་ལེན་གར་འཁྲབ་བྱེད་ཅིང་། རྐང་ཐང་བ་རྣམས་ཀྱང་མཉམ་དུ་བསྡད་ནས་ལམ་བར་གྱི་མཐོང་ཐོས་དང་མྱོང་ཚོར་མཉམ་སྤྱོད་བྱེད། སྙན་ཞིང་འཇེབས་པའི་གླུ་སྒྲ་དང་དགའ་སྤྲོའི་སྟངས་སྟབས་ཀྱིས་མི་རྣམས་ཀྱི་ངལ་དུབ་ཡོངས་སུ་སེལ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།