དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕྱོགས་མང་ནུས་པ་མཉམ་དུ་བཏོན། ལོ་འགོར་གྲུབ་འབྲས་གཡུར་དུ་ཟ།

    དུས་ཚིགས་དང་པོའི་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་སྐོར་གྱི་སྒྲིལ་གླེང(སྟོད་ཆ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-21

    2025ལོའི་དུས་ཚིགས་དང་པོའི་བོད་ཀྱི་དཔལ་འབྱོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་ལོ་འགོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་7.9%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.5ཡིས་མཐོ་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་11.4ཡིས་མཐོ་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པའི་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་23.5ཡིས་མཐོ་བ་བཅས་ཡོད་པ་རེད།

    དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། དཔལ་འབྱོར་དམིགས་ཚད་ཁག་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་པ་སོགས་གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན།

    གཏན་འཇཌ་རྒྱུ་ནོར་ལ་མ་དངུལ་བཏང་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    བོད་འཕེལ་རྒྱས་བྱུང་བ་དེ་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད།

    2024ལོའི་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་ཚད་19.6%འཕར་ནས་མགྱོགས་མྱུར་འཕར་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། 2025ལོའི་དུས་ཚིགས་དང་པོའི་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་ཚད་དུས་མཚུངས་ལས་27.7%འཕར་ནས་འཕར་ཚད་ཟླ་13བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་60%ལས་བརྒལ་ནས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་པ་རེད།

    འདི་ལོར་ལྗོངས་ཡོངས་ཀྱིས“གཙོ་གལ་གཉིས”དང“གསར་གཉིས”སོགས་གཙོ་ཆེའི་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་པོར་དམིགས་ནས། རྒྱལ་ཁབ་ཀྱི་མ་འཇོག་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པས་གཙོ་ཆེའི་རྣམ་གྲངས་འཛུགས་སྐྲུན་ཐད“ལས་འགོ་བཙུགས་མ་ཐག་མཐའ་མའི་དམག་འཐག་རྒྱག་པ་དང་། གོམ་པ་སྤོས་མ་ཐག་མཐའ་མའི་གདོང་མཆོང་ཐུབ་པ”བྱུང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་དང་དེའི་ཡན་གཏོང་འཆར་ཡོད་པའི་ཨར་ལས་རྣམ་གྲངས་392ཟིན་པ་དང་མ་འཇོག་འཕར་ཚད་56.1%ལེགས་སྒྲུབ་བྱས་པས་མ་འཇོག་ཡོངས་རྫོགས་བརྒྱ་ཆའི་གྲངས་34.3འཕར་རྒྱུར་སྐུལ་ཁྲིད་ཐེབས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འཕེལ་རྒྱས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་འདེགས་སྐྱོར་ནུས་ལྡན་གྱིས་ཀྱང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བརྟན་པོ་བྱས་ཡོད། ནོར་སྲིད་གཏོང་ཡོང་འཕར་ཚད་ཅུང་མགྱོགས་པ་སྟེ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་པོ་དང་བརྟན་ཁྲོད་ལེགས་འཕེལ་བྱུང་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་549.27ཟིན་པ་དེ་དུས་མཚུངས་ལས་9.8%འཕར་བ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་850.21ཟིན་པ་དེ་6.8%འཕར་ཡོད། གློག་ཤུགས་རྒྱུན་མཐུད་འགན་ལེན་ནུས་ལྡན་ཐུབ་ནས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་43.10ཟིན་པ་དེ་12.4%འཕར་ཡོད། དངུལ་རྩའི་བཅོལ་དངུལ་དང་བུན་གཡར་གྱི་བསྡུར་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འཛད་སྤྱོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་དཔལ་འབྱོར་གྱི་གཏིང་ཤུགས་འཕེལ་བར་བྱས་པ།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་དཔལ་འབྱོར་གྱི་གཏིང་ཤུགས་འཕེལ་བར་བྱེད་པའི་ཐད་ཀྱི་འཛད་སྤྱོད་ནུས་པ་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི“འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས+”ཀྱི་བྱེད་སྒོ་རབ་དང་རིམ་པའི་སྐུལ་ཁྲིད་ནུས་ལྡན་འོག བོད་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2023ལོ་དང་2024ལོའི་འཕར་ཚད་ལོ་གཉིས་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 2025ལོའི་དུས་ཚིགས་དང་པོའི་ནང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་244.17ཟིན་ནས་དུས་མཚུངས་ལས་11.1%འཕར་བ་དང་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། དེ་ཐོག་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་སྐུལ་སྤེལ་ཐད་ཀྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་མཚོན་ལ། གྲོང་མིའི་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་པ་དང་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ་ཡང་མཚོན་ཡོད།

    སྲིད་ཇུས་ནུས་ལྡན་གྱིས་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཆེན་པོ་བསྣན་ཞིང་། འདི་ལོ་ཚུན་དུ་བོད་ཀྱིས་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་དོན་འཁྱོལ་ལ་དམིགས་ནས་འཛད་རྫས་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། བཅད་གྲངས་ཡན་གྱི་འཕྲིན་གཏོང་ཡོ་བྱད་དང་། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད། ཨར་སྐྲུན་དང་མཛེས་སྤྲོས་རྒྱུ་ཆ་སོགས་ཚོང་ཟོག་སིལ་ཚོང་བྱེད་ཚད་ཅུང་ཟད་མགྱོཌ་མྱུར་འཕར་བ་སྟེ། 81.4%དང་། 40.4% 6.5%བཅས་སོ་སོར་འཕར་ནས་བཅད་གྲངས་ཡན་གྱི་སིལ་ཚོང་གྲངས་འབོར་བརྒྱ་ཆའི་གྲངས་3.5འཕར་བར་སྐུལ་ཁྲིད་ཐུབ་པ་རེད།

    ཐབས་མང་མཉམ་སྤྱོད་བྱས་ནས་ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ། བདེ་ཐང་བཅས་མཚམས་སྒྲོལ་འཛད་སྤྱོད་ལ་སྐུལ་འདེད་བཏང་ཞིང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རའི་ཕན་ནུས་ལྡན་པའི་སྐུལ་ཁྲིད་ཤུགས་ཆེན་དང“དགུན་དུས་བོད་ལ་ཡུལ་སྐོར”བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་རམ་འདེགས་འོག བོད་ཀྱི་རིག་གནས་ཡུལ་སྐོར་ཐད་འཛད་སྤྱོད་བྱེད་ཚད་མུ་མཐུད་ཇེ་མང་དུ་སོང་ཡོད། དུས་ཚིགས་དང་པོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་471.89ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.7%འཕར་བ་དང་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་42.75ཟིན་ནས་11.1%འཕར་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་མཐུན་སྦྱོར་ངང་འཕེལ་རྒྱས་ཕྱིན་པ་དང་ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་གཏིང་ཤུགས་ཆེ་ཙམ་ཡོད་ཅིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོའི་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་201.88ཟིན་པ་དེ་དུས་མཚུངས་ལས་10.7%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་བསྡུར་ན། གྲོང་གསེབ་ཀྱི་འཛད་སྤྱོད་འཕར་ཚད་དེ་བས་མགྱོགས་པ་ཡོད་པ་སྟེ། དུས་ཚིགས་དང་པོའི་བོད་ཀྱི་གྲོང་གསེབ་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་42.29ཟིན་པ་དེ་དུས་མཚུངས་ལས་13.4%འཕར་ཡོད། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དུ་མྱུར་སྐྱེལ་ཁྱབ་ཚད་98%ཟིན་པ་དང་གྲོང་ཚོ་རིམ་པར་ཁྱབ་ཚད་75%ཟིན་ཡོད།

    ཕྱི་ཕྱོགས་ཚོང་དོན་གྱིས་མཐུན་རྐྱེན་སྦྱར་ནས་ཐོན་ལས་རིམ་སྤོར་མགྱོགས་སུ་བཏང་བ།

    དུས་ཚིགས་དང་པོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་མུ་མཐུད་བརྟན་པོའི་ངང་འཕར་ཐུབ་པ་བྱུང་ཡོད།

    གྲངས་གཞི་ནས་བལྟས་ན། རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་23.08ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་19.5ཟིན་པ་དེ་གཞི་རྩའི་ཆ་ནས་འདྲ་མཚུངས་བྱུང་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.58ཟིན་པ་དེ་དུས་མཚུངས་ལས་56.7%འཕར་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་མཉེན་ཤུགས་དང་ནང་གནས་སྒུལ་ཤུགས་རིམ་བཞིན་ཇེ་ཆེར་འགྲོ་བ་དེས་ལོ་འཁོར་མོར་ཕྱི་ཕྱོགས་ཚོང་དོན་གྱི་གྲངས་འབོར་བརྟན་དུ་དང་སྤུས་ཚད་ལེགས་སུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    དེ་དང་ཆབས་ཅིག་བོད་ཀྱིས་བོད་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཡིན་པའི་ཡུལ་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་བརྒྱབ་ནས་ལྟེ་གནས་ཀྱི་དཔལ་འབྱོར་ལེགས་སུ་དང་རྒྱ་སྟོབས་ཆེ་རུ་བཏང་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལྟ་འདོམས་བྱས་པའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་5.71ཟིན་པ་དེ་དུས་མཚུངས་ལས་27%འཕར་ཡོད།

    “བོད་ཀྱི་ཁེ་ལས་4ཡི་ཐོན་རྫས་ཨ་རིར་ཕྱིར་གཏོང་བྱེད་ཀྱི་ཡོད་པ་དང་། ང་ཚོས་ཅིན་ཏུང་སོགས་ལས་སྟེགས་དང་འབྲེལ་གཏུག་བྱས་ནས་ཐོན་རྫས་དེ་དག་ནང་ཁུལ་དུ་ཚོང་རོགས་བྱེད་ཀྱི་ཡོད”ཅེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

    ནུས་རྒྱུ་གསར་པའི་རླངས་འཁོར་དང་ཞིང་ལས་ཐོན་རྫས་ནི་བོད་ཀྱིས་ཕྱིར་གཏོང་བྱེད་པའི་ཚོང་ཟོག་གཙོ་བོ་ཡིན་ཞིང་། རླངས་འཁོར་2955དང་ཐོན་རྫས་ཏུན་ཁྲི་1.8སོ་སོར་ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་76.7%དང་10.4%འཕར་ཡོད། ས་ཁུལ་དང་གྲོང་ཁྱེར་ཁྲོད་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་དང་། ས་ཁུལ་དང་གྲོང་ཁྱེར་གཞན་དག་གི་ཕྱི་ཕྱོགས་ཚོང་དོན་གྱི་གཏིང་ཤུགས་ཀྱང་གོ་རིམ་ལྡན་པའི་ངང་འཕེལ་བཞིན་ཡོད། ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་13.77ཟིན་པ་དེས་བོད་ཀྱི་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་59.6%བཟུང་བ་དང་། མ་གཞི་ཅུང་ཟད་ཆག་མོད། འོན་ཀྱང་སྔར་བཞིན་གནས་བབ་གལ་ཆེན་བཟུང་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་9.07ཟིན་པ་དེ་དུས་མཚུངས་ལས་22.2%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།