ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྒྲིག་ལམ་དམ་ནན་དང་གཏན་འབེབས་ཁ་གསལ་ཞིག་རེད།
ཉིན་ཤས་གོང་། ཀྲུང་དབྱང་རིམ་ངོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་ཚན་དང་ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གིས་ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་དང་ལུའོ་ཧྲན་རྫོང་གི་ལས་བྱེད་པ་10ཡིས་སློབ་སྦྱོང་སློབ་གསོ་སྤེལ་རིང་། སྒྲིག་ཁྲིམས་ལས་འགལ་ནས་ཟ་འཐུང་བྱས་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་སུ་གཏོང་བའི་འཇུག་སྒོ་དང་སྐུལ་སློང་བཀའ་རྒྱ་ཞིག་རེད་ལ། ཡུན་རིང་གོ་ཆོད་པའི་སྒྲིག་ལམ་དམ་ནན་དང་གཏན་འབེབས་ཁ་གསལ་ཞིག་དེ་བས་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་དགོས་ལ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱ་ངན་སྤྱོད་ངན་གཏན་འགོག་དང་ངན་རེངས་གཅོང་ནད་བཅོས་སྒྲིག་བྱས་ཏེ་རུལ་སུངས་ཀྱི་འབྱུང་རྩ་རྩ་མེད་བཟོ་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་ལག་ལེན་བསྟར་བ་ནི་རང་རེའི་ཏང་གི་དུས་རབས་གསར་པའི་ཁ་དན་ཚིག་གནས་ཀྱི་བྱ་ཐབས་ཤིག་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་བསྟར་སྐབས་ཕྱི་ཚུལ་གྱི་རྣམ་པ་ཙམ་དུ་ལུས་པའི་གནས་ཚུལ་ཡང་སེ་ཐོན་པ་དང་། ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་རྣམ་འགྱུར་ཧུར་ཐག་འབད་ཐག་ཡོད་ཀྱང་། “ཁ་བཤད་འབྲུག་སྒྲ་དི་རི་རི་དང་ལག་ལེན་ཆར་པ་ཐ་རེ་ཐོ་རེ”ཆགས་ཏེ་དོན་ངོ་མའི་ཐོག་ཅིས་ནས་འཁྱོལ་གྱི་མེད། ས་ཆ་ཁག་གཅིག་གིས་གཏན་འབེབས་དོན་ཚན་བརྒྱད་ལ་དམ་འཛིན་གནད་འཁེལ་མི་བྱེད་པ་དང་བབ་བརླིང་ཐལ་དྲགས་པར་སྒྲིག་ལམ་དེ་ཉིད་བོང་བུའི་ཨོང་རིལ་ལྟ་བུར་གྱུར་པས། མཐའ་མ་ལྷུག་ཉེས་དང་འཇམ་ཉེས་སུ་ཤོར་གྱི་ཡོད་པའང་གསལ་པོར་ཤེས་པར་བྱེད་དགོས།
སྒྲིག་ལམ་བཟོ་བའི་དོན་སྙིང་ནི་གཙོ་བོ་མཐའ་གཅིག་ཏུ་དོན་འཁྱོལ་དང་ལག་ལེན་ནན་པོ་བསྟར་བར་ཐུག་ཡོད། སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐད་སྲོལ་གསར་འཛུགས་པ་དང་། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར། བསྐྱར་ལོག་སྔོན་འགོག་བཅས་བྱེད་དགོས། མང་ཚོགས་ཀྱིས་སེམས་གཏིང་ནས་མི་དགའ་བ་བྱེད་པ་དང་གླེང་མང་བའི་གནད་དོན་མངོན་གསལ་དོད་རིགས་རེ་རེ་བཞིན་དམ་འཛིན་མཐར་ཕྱིན་པ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྩ་བ་ནས་བཅོས་སྒྲིག་ནན་པོ་བྱེད་དགོས་པ་ལས་ངན་ལང་དང་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།
ཏང་ཡོན་ལས་བྱེད་པས་སྒྲིག་ལམ་གྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་ཀྱི་ལྕགས་སྐུད་དམ་པོར་བསྒྲིམས་ཏེ་སྤྱོད་ཚུལ་གཟུགས་བརྙན་གྱི་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། གཏན་འབེབས་དོན་ཚན་བརྒྱད་འདི་ཉིད་ཚད་འཛིན་ས་ཞིག་ལ་བརྩིས་ནས་རང་ཉིད་ཀྱི་གཏམ་སྤྱོད་དག་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་མཐུན་མིན་ཚད་འཇལ་དགོས་པ་དང་། གཏན་འབེབས་དོན་ཚན་བརྒྱད་འདི་ཉིད་མེ་ལོང་ཞིག་ལ་བརྩིས་ནས་རང་ཉིད་ཀྱི་ལས་ཀའི་སྤྱོད་ཚུལ་ལ་ཡོ་འཁྱོག་ཡོད་མེད་ལྟ་དགོས་པ་དང་དུས་མཚུངས་མང་ཚོགས་ཀྱི་དཔྱད་གླེང་དང་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཡང་བྱེད་དགོས།
གཏན་འབེབས་དོན་ཚན་བརྒྱད་ནི་བརྒལ་མི་རུང་བའི་དམར་ཐིག་ཅིག་རེད། ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་རྩ་འཛུགས་དང་། ཏང་གི་སྒྲིག་ཁྲིམས། རྒྱལ་ཁྲིམས་བཅས་ལ་གུས་སྐྲག་གི་བསམ་པ་འཆང་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་གཡང་ས་དོག་མོ་འགྲིམ་པ་དང་འཁྱགས་སྲབ་ཐོག་ཏུ་བསྐྱོད་པ་ལྟ་བུའི་གཟབ་ནན་བྱས་ཏེ་རང་ངོས་ལ་གཅུན་འདོམས་དང་ཚད་གཞི་བཟོ་བའི་སྙིང་སྟོབས་སྐྱེད་སྲིང་བྱེད་དགོས། གུས་སྐྲག་མི་ཤེས་པ་དང་སྒྲིག་ཁྲིམས་ལ་འགྲན་སློང་བྱེད་པའི་རིགས་ཐག་གཅོད་ནན་པོ་དང་མིག་ལྟོས་ངན་འགྲན་བྱེད་མཁན་ལ་ཕྱི་འདོམས་བྱེད་དགོས།
སྲིད་བཀའ་ལུང་དུ་འགྲོ་བར་ཡིད་རྟོན་དགོས། བཅའ་ཁྲིམས་ལུང་དུ་འགྲོ་བར་ལག་ལེན་དགོས། ལྟ་སྐུལ་གྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལམ་ལུགས་ཀྱི་རླུང་ཙེ་རྒྱུན་འཁྱོངས་ལྷོད་མེད་ངང་དམ་དུ་གཏོང་བ་དང་། ཡུད་ཙམ་ཡང་ལྷོད་གཡེང་མི་གཏོང་བ་དང་གོམ་པ་གང་ཡང་ཕྱིར་བཤོལ་མི་རྒྱག་པར་རྒྱུན་བསྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་ཟམ་མི་ཆད་པར་བརྟན་དུ་བཏང་སྟེ་དངོས་འབྲེལ་དོ་དམ་ནན་པོ་བྱེད་པ་དང་། དོ་དམ་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་ནན་པོ་བྱེད་པ་བཅས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)