པ་སྣམ་སྔོ་ཚལ་དྲོད་ཁང་ལ་ཐོན་ལེགས་བྱུང་བ།
དཔེ་སྟོན་ཁྱབ་གདལ་བཏང་ནས་སྔོ་ཚལ་སྣ་ཁ་གསར་པ་ས་མཐོར་འཕྲོད་པར་བྱས་པ།
ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གྲོང་སྟོད་གྲོང་ཚོའི་སྔོ་ཚལ་འདེབས་འཛུཌ་དྲོད་ཁང་ཆེ་མོར་སྐྱོད་སྐབས་དེ་གར་སྔོ་ཚལ་སྣ་ཚོགས་སྔོ་ཐིང་ཐིང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་དང་། ཧྲན་ཏུང་དང་བོད་ལྗོངས་ས་མཐོའི་ས་བོན་ཞིབ་འཇུག་ཁང་དང་དེ་བཞིན་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རིགས་གཅིག་མཁས་ཅན་ཚོ་ལས་ལ་བྲེལ་བཞིན་ཡོད་པ་རེད།
ཧྲན་ཏུང་དང་བོད་ལྗོངས་ས་མཐོའི་ས་བོན་ཞིབ་འཇུག་ཁང་བཙུགས་པ་ནས་བཟུང་ས་མཐོར་འཚམ་པའི་སྔོ་ཚལ་སྣ་ཁ་གསར་པ་ནང་འདྲེན་གདམ་གསེས་དང་སྐྱེད་སྲིང་བྱས་ཤིང་། མིག་སྔའི་བར། ཀྲོ་མ་ཀྲུ་དང་། ཧོང་ཀྭ སུར་པན། པད་ཚལ། ལ་ཕུག་སོགས་སྤུས་ལེགས་སྔོ་ཚལ་སྣ་ཁ་50ལྷག་ཙམ་ནང་འདྲེན་བྱས་ཡོད། དེའི་རྨང་གཞིའི་ཐོག “ངས་འོས་སྦྱོར་བྱེད། ཁྱེད་ཀྱིས་གདམ་ག་བྱོས”ཞེས་པའི་སྣ་ཁ་གསར་པ་དཔེ་སྟོན་ཁྱབ་གདལ་གྱི་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། གདམ་གསེས་ནན་པོ་བྱས་མཐར་གཞིས་རྩེར་འདེབས་པར་འཚམ་པའི་སྤུས་ལེགས་སྔོ་ཚལ་སྣ་ཁ་8གཏན་འཁེལ་བྱས། 2024ལོའི་ལོ་མཇུག་ཏུ། པ་སྣམ་རྫོང་དཔའ་རྩལ་ཤང་ཞིང་འབྲོག་ལྟེ་གནས་ཀྱི་འགན་འཁུར་བ་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་བཤམས་སྟོན་གླིང་དུ་བསྐྱོད་དེ་ཧྲན་ཏུང་དང་བོད་ལྗོངས་ས་མཐོའི་ས་བོན་ཞིབ་འཇུག་ཁང་གིས་ནང་འདྲེན་བྱས་པའི་སྔོ་ཚལ་སྣ་ཁ་གསར་པར་ས་ཆ་དངོས་སུ་རྟོག་ཞིབ་བྱས་པ་རེད།
འདི་ལོའི་ལོ་འགོར། ཧྲན་ཏུང་དང་བོད་ལྗོངས་ས་མཐོའི་ས་བོན་ཞིབ་འཇུག་ཁང་གིས་དཔའ་རྩལ་ཤང་གྲོང་སྟོད་གྲོང་ཚོ་དང་བན་ཚང་གྲོང་ཚོར་ཀྲོ་མ་ཀྲུ་སྣ་ཁ་གསར་པ་དང་ཧོང་ཀྭ་སྣ་ཁ་གསར་པ་དྲོད་ཁང་བཞི་ཚོད་འདེབས་བྱས་པར་མུའུ་བཞི་ཡོད་པ་རེད། ཚོད་འདེབས་ལས་དོན་བདེ་བླག་ངང་སྤེལ་ཐུབ་ཆེད། ཧྲན་ཏུང་དང་བོད་ལྗོངས་ས་མཐོའི་ས་བོན་ཞིབ་འཇུག་ཁང་གིས་ཆེད་མངགས་ལས་དོན་སྐུལ་སྤེལ་ཚོགས་པ་བཙུགས་ཏེ་ལག་རྩལ་མི་སྣ་བཀོད་སྒྲིག་གིས་འདེབས་འཛུགས་དུད་ཚང་ལ་འདེབས་གསོའི་ལག་རྩལ་དམར་ཁྲིད་བྱས་པ་རེད། ཟླ་བ་ཁ་ཤས་ལ་སྐྱེད་སྲིང་ཡག་པོ་བྱས་པ་བརྒྱུད། སྔོ་ཚལ་སྣ་ཁ་གསར་པ་དེ་དག་ད་ཆ་ཁྲོམ་རར་འདོན་ཐུབ་ཡོད་པ་རེད།
རིགས་གཅིག་མཁས་ཅན་ཚོགས་པས་གྲོང་སྟོད་གྲོང་ཚོར་འཐུས་ཚབ་རང་བཞིན་ལྡན་པའི་དྲོད་ཁང་2བདམས་ཏེ་ཚད་ལྡན་བརྒྱུད་རིམ་ལྟར་ཐོན་འབོར་ཚོད་རྩིས་བརྒྱབ་པར་གྲངས་གཞི་ཧ་ཅང་ཉམས་དགའ་བ་སྟེ། ཉི་འོད་དྲོད་ཁང(སྨི་ངོས་གྲུ་200)རེའི་ཀྲོ་མ་ཀྲུའི་ཐོན་འབབ་སྤྱི་རྒྱ་1866.6ཟིན་པ་མུའུ་རེར་ཕབ་ན་སྤྱི་རྒྱ་6225.1ཟིན་པ་དང་། ཉི་འོད་དྲོད་ཁང(སྨི་ངོས་གྲུ་200)རེའི་ཧོང་ཀྭའི་ཐོན་འབབ་སྤྱི་རྒྱ་2006.5ཟིན་པ་མུའུ་རེར་ཕབ་ན་སྤྱི་རྒྱ་6690.1ཟིན་ཡོད་པ་རེད།
པ་ཚེ་རིང་གིས་རིགས་གཅིག་མཁས་ཅན་ལ། ངས་ཟླ་1ཚེས་28ཉིན་ནས་བཟུང་ཧོང་ཀྭ་ཚོད་འདེབས་བྱས་པ་ཡིན། ད་ཆ་ཉིན་རེར་ཧོང་ཀྭ་རྒྱ་མ་80ཡས་མས་བཏོགས་ནས་ཉིན་45སོང་ཡོད། རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་1.8རག་འདུག “སྔོན་ཆད་བཏབ་པའི་ཧོང་ཀྭ་ཟླ་བ་གཅིག་ཕྱིན་ན་རིམ་བཞིན་སྐྱེ་སྟོབས་ཉམས་འགྲོ་བ་དང་ད་རེས་ཀྱི་སྣ་ཁ་གསར་པ་འདི་ད་དུང་ཡང་སྐྱེ་འཚར་ཡག་པོ་འདུག ད་དུང་ཧ་ལམ་ཟླ་བ་གཅིག་ལྷག་ཙམ་འཐུ་ཆོག”ཅེས་ངོ་སྤྲོད་བྱས།
ཀྲོ་མ་ཀྲུ་ཚོད་འདེབས་བྱེད་མཁན་ལྷག་བསྟན་གྱིས། ཀྲོ་མ་ཀྲུ་སྣ་ཁ་གསར་པ་འདི་ཉིན་4ལ་རྒྱ་མ་300ལྷག་བཏོགས་པར་ཡོང་འབབ་སྒོར་1500བྱུང་། སྣ་ཁ་གསར་པ་འདིའི་བྲོ་བ་དེ་བས་ཞིམ་པས་འཛད་སྤྱོད་པ་ཚོས་དགའ་པོ་བྱེད་ཀྱི་འདུག དེ་ཕྱིར་ངས་སྣ་ཁ་གསར་པ་འདིར་རེ་བ་ཆེན་པོ་འཆང་གི་ཡོད་ཅེས་བཤད།
ཧྲན་ཏུང་དང་བོད་ལྗོངས་ས་མཐོའི་ས་བོན་ཞིབ་འཇུག་ཁང་དུ་བཅའ་སྡོད་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་གསར་འགོད་པར། དུས་འགོའི་ཚོད་ལྟ་བྱས་པ་བརྒྱུད་སྣ་ཁ་གསར་པ་ཁ་ཤས་བདམས་ཀྱང་ཞིང་དུད་དཀྱུས་མ་ཚོས་སྲོལ་རྒྱུན་གྱི་བྱེད་ཐབས་སྤྱད་དེ་བཏབ་པས་འགོག་ནུས་རང་བཞིན་དང་། འཚམ་འཕྲོད་རང་བཞིན། ཐོན་འབོར་བཅས་ཀྱི་ཐོན་སྐྱེད་གྲངས་གཞི་ད་དུང་ཐོན་མེད། འདི་ལོ་ཚུན་དུ། སྣ་ཁ་གསར་པ་དཔེ་སྟོན་ཁྱབ་གདལ་བཏང་བ་ལས་སྣ་ཁ་གསར་པ་འདི་གཉིས་ཀ་ས་གནས་དེ་གར་ཁྱབ་གདལ་ཚོད་འདེབས་ཆོག་པ་དང་ཐོན་འབབ་ཀྱང་དེ་སྔའི་སྣ་ཁ་དང་བསྡུར་ན་ཧ་ཅང་མང་པོ་ཡོད་པ་ར་འཕྲོད་བྱུང་བ་མ་ཟད། ད་དུང་རྗེས་མཐུད་གཞི་ཁྱོན་ཆེན་པོས་ཁྱབ་གདལ་གཏོང་རྒྱུར་ཚན་རིག་གི་གཞི་འཛིན་ས་ཡང་མཁོ་འདོན་བྱས་ཡོད་པས། “ང་ཚོས་སྣ་ཁ་གསར་པ་གདམས་གསེས་སྐྱེད་སྲིང་དང་ནུས་ཆེའི་འདེབས་གསོའི་ལག་རྩལ་ཁྱབ་གདལ་བཏང་བ་བརྒྱུད་པ་སྣམ་སྔོ་ཚལ་གྱི་སྤུས་ཀ་ལེགས་སུ་དང་ཐོན་འབབ་མང་དུ་གཏོང་བར་ཡིད་ཆེས་ཆེ་རུ་ཕྱིན་སོང”ཞེས་བཤད།