དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ས་མཐོའི་སེ་འབྲུ་དམར་པོ། ལོ་ངོ་དྲུག་ཅུའི་འབད་འབུངས”ཞེས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཡིག་གཟུགས་དང་པར་རྒྱག་བརྩམས་ཆོས་བསྡུ་བའི་བྱེད་སྒོ་སྐབས་བདུན་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-21

    བགྲང་བྱ་དྲུག་ཅུའི་བཞུར་རྒྱུན་གྱིས་གངས་ལྗོངས་ས་མཐོའི་འགྱུར་ལྡོག་ཆེན་པོར་དཔང་པོ་བྱས། ལོ་ངོ་དྲུག་ཅུའི་འབད་འབུངས་མདུན་སྐྱོད་ཀྱིས་བོད་ཀྱི་ས་གཞི་ཆེན་པོར་བརྗིད་ཆེའི་ལེའུ་བརྩམས། 2025ལོར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་དྲུག་ཅུ་འཁོར་བའི་མཚམས་ཀྱི་གཟི་བརྗིད་ལྡན་པའི་དུས་འདིར། ཏང་གི་མི་རིགས་སྲིད་ཇུས་དཔྱིད་ཀྱི་སྦྲང་ཆར་ཟིལ་མ་དང་འདྲ་བར་ངོ་མཚར་ཆེ་བའི་ས་གཞི་འདི་བརླན་གྱིས་སྐྱོང་གིན་ཡོད། ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོད་པ་དང་། དཔལ་འབྱོར་མཆོང་སྐྱོད་རྣམ་པའི་གོང་འཕེལ་བྱུང་ནས་ཐོན་ལས་དར་བ་དང་། ལམ་དྲ་ཚགས་ཚུད་པ། མི་སེར་གྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ། མི་རིགས་ཀྱི་རིག་གནས་ལ་གསོན་ཤུགས་གསར་པ་རྒྱས་ནས་ཐང་ག་བཞེངས་རྩལ་གཅིག་རྒྱུན་གཅིག་འཛིན་བྱུང་བ་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་ཀྱི་ངོ་མཚར་རབ་ཏུ་མངོན་པ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་འདབ་བརྒྱ་ལྷུག་པོར་གྲོལ་ནས་མི་རིགས་ཁག་ས་མཐོའི་སེ་འབྲུ་དམར་པོའི་རྡོག་ལྟར་གོང་བུ་གཅིག་ཏུ་འགྲིལ་ཏེ་སེམས་མཐུན་ཕུགས་འདུན་གཏོད་པའི་རྒྱང་ལམ་ཐོག“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མི་སེམས་འགུལ་བའི་སྙན་ངག་གི་ལེའུ་བརྩམས་ཡོད།

    འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་འདི་གསོན་ཉམས་དོད་པོས་ཟིན་ཐོར་བཀོད་དེ་བོད་ཀྱི་མཐུན་སྒྲིལ་འབད་འབུངས་ཀྱི་དུས་རབས་གསར་པའི་ཉམས་འགྱུར་མངོན་པར་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི“ས་མཐོའི་སེ་འབྲུ་དམར་པོ། ལོ་ངོ་དྲུག་ཅུའི་འབད་འབུངས”ཞེས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཡིག་གཟུགས་དང་པར་རྒྱག་བརྩམས་ཆོས་བསྡུ་བའི་བྱེད་སྒོ་སྐབས་བདུན་པ་འགོ་ཚུགས་ཤིང་། སྐུ་ཉིད་་ཀྱིས་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་མཚོན་པའམ་ཡང་ན་པར་ཆས་ཐོག་ནས་ངོ་མཚར་ཆེ་བའི་གངས་ལྗོངས་ས་མཐོའི་འཕེལ་རྒྱས་པར་དུ་བླངས་ཀྱང་རུང་། བརྩམས་ཆོས་ཚང་མ་ནི་གངས་ལྗོངས་ས་མཐོར་ཕུལ་བའི་ལྷག་བསམ་རྣམ་དག་གི་བསྟོད་གླུ་ཅི་ལ་མིན། ད་ཐེངས་ཀྱི་བྱེད་སྒོས་2025ལོའི་ཟླ་5ཚེས་19ཉིན་ནས་2025ལོའི་ཟླ་6ཚེས་28ཉིན་བར་སྤྱི་ཚོགས་ཡོངས་སུ་ཕྱོགས་ནས་བརྩམས་ཆོས་བསྡུ་རྩིས་ཡོད་པས་ཁྱེད་རང་ཞུགས་པར་རེ་བས་བརྟས། ང་ཚོས་པིར་རྩལ་དང་པར་རྩལ་ལ་བརྟེན་ནས་བོད་ཀྱི་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་མཉམ་དུ་འགོད་དོ།

    གཅིག བྱེད་སྒོའི་བརྗོད་དོན་གཙོ་བོ།

    “ས་མཐོའི་སེ་འབྲུ་དམར་པོ། ལོ་ངོ་དྲུག་ཅུའི་འབད་འབུངས”

    གཉིས། བརྩམས་ཆོས་བསྡུ་བའི་ཁྱབ་ཁོངས།

    རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཡིག་གཟུགས་མཁས་ཅན་དང་པར་རྒྱག་ལ་དགའ་པོ་ཡོད་མཁན་ཚོར་ཕྱོགས་ནས་བརྩམས་ཆོས་རྒྱ་ཁྱབ་བསྡུ་རྒྱུ་ཡིན་པས། ཟུར་ཚད་སྣ་མང་གི་ཐོག་ནས་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མཚོན་པར་གནང་རྒྱུར་དགའ་བསུ་ཞུ།

    གསུམ། བརྩམས་ཆོས་བསྡུ་སྟངས།

    (གཅིག) མི་སྒེར་སོ་སོས་སྐྱེལ་བ།

    (གཉིས) ས་ཁུལ(གྲོང་ཁྱེར)ཁག་ཏུ་ས་ཁུལ་དང་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན(མི་རིགས་དང་ཆོས་ལུགས་ལས་དོན་ཅུས)ཀྱིས་བདམས་ནས་སྐྱེལ་བ།

    བཞི། བརྩམས་ཆོས་ཀྱི་བླང་བྱ།

    ད་ཐེངས་བརྩམས་ཆོས་ཀྱི་ནང་དོན་སྐྱོན་མེད་བདེ་ཐང་ཡིན་ཁར། རྣམ་པ་སྣ་ཚོགས་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་ཡར་ཐོན། གྲོང་ཁྱེར་འཕེལ་རྒྱས། གྲོང་གསེབ་དར་རྒྱས། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་སོགས་ཀྱི་ནང་དོན་བརྗོད་གཞིར་བྱས་ཏེ། དཔེ་མཚོན་གཏམ་རྒྱུད་དང་། དཔེ་བཟང་མི་སྣ། མི་སེམས་འགུལ་བའི་བྱས་རྗེས་སོགས་ལ་བསྟོད་གླུ་འབུལ་བ་དང་། བོད་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་འགྱུར་ལྡོག་གསར་པ་དང་། འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ་བཅས་གསོན་ཉམས་དོད་པོས་མངོན་པ། ཏང་དང་། མེས་རྒྱལ། བོད་ལྗོངས་གསར་པ། མི་རིགས་མཐུན་སྒྲིལ་བཅས་ལ་བསྟོད་གླུ་འབུལ་བ་བཅས་ཡིན་དགོས་པ་དང་། བརྗོད་བྱ་གཙོ་བོ་དང་མ་མཐུན་པའི་རིགས་དཔྱད་འདེམས་བྱ་རྒྱུ་མིན།

    (གཅིག) ཡིག་གཟུགས་བརྩམས་ཆོས། (རྒྱ་ཡིག་དང་བོད་ཡིག)

    བརྩམས་ཆོས་ཀྱི་ཆེ་ཆུང་ལ། ཤོག་བུའི་རིང་ཚད་ཁྲེ་ཙེ་6ནང་ཚུན་ཡིན་དགོས་ལ་ཚང་མ་གོང་ནས་གཤམ་ལ་འབྲི་བའི་ཤོག་བུ་ནར་མོ(མཐོ་ཚད་ལ་ལི་སྨི་180དང་ཞེང་ཚད་ལ་ལི་སྨི་95ལས་བརྒལ་མི་རུང)ཡིན་དགོས། ཆ་འཕྲིན་བསྡོམས་རྩིས་དང་བརྩམས་ཆོས་བདག་གཉེར་བྱེད་བདེ་བའི་ཆེད་དུ། བརྩམས་ཆོས་ཀྱི་རྒྱབ་ལོགས་ཀྱི་གཡས་གཤམ་དུ་ཞ་སྨྱུག་གིས་དབུ་ཅན་ཐོག་ནས་མིང་དང་། ཕོ་མོ། ཐོབ་ཐང་ལག་ཁྱེར་ཨང་གྲངས། རྒྱུན་སྤྱོད་འཕྲིན་ཡིག་བསྐུར་ས། སྦྲག་ཨང་། འབྲེལ་གཏུག་ཁ་པར་བཅས་འགོད་དགོས།

    (གཉིས) པར་རྒྱག་བརྩམས་ཆོས།

    བརྩམས་ཆོས་ཀྱི་ཚད་གཞི་jpgཡིན་དགོས་པ་དང་པར་གྱི་ཆེ་ཆུང་ཚུན་བཅུ་ཡིན་དགོས། དྲ་ཐོག་ཏུ་བསྐུར་སྐབས་ཆེ་ཆུང་5MBཡན་དང་གསལ་ཚད་བརྙན་རྒྱུ་ཁྲི་500ནས་ཁྲི་1200བར་ཡིན་དགོས། བརྩམས་ཆོས་བསྐུར་སྐབས་ཚང་མར“ཁོངས་གཏོགས་ཚན་པ་དང་། པར་རྒྱག་མཁན་གྱི་མིང་། བརྩམས་ཆོས་ཀྱི་མིང་། འབྲེལ་གཏུག་ཁ་པར་ཨང་གྲངས”བཅས་མཉམ་དུ་བཀོད་ནས་མིང་འདོགས་དགོས། སྡེབ་ལ་པར་5ལས་མང་མི་རུང་། གློག་ཀླད་ཀྱིས་ཇུས་འགོད་བྱས་མི་ཆོག་པ་དང་། ཐོག་མའི་བརྙན་པར་གྱི་བརྩམས་ཆོས་ལ་འགྱུར་ལྡོག་གཏོང་མི་རུང་། པར་བསྐུར་མཁན་ནི་བདམས་སྐྱེལ་བྱས་པའི་བརྩམས་ཆོས་དེ་པར་དུ་ལེན་མཁན་དངོས་ཡིན་དགོས་པ་མ་ཟད། བརྩམས་ཆོས་དེར་རང་བདག་དང་། ཆ་ཚང་བ། ཁ་གསལ་བ། རྩོད་གླེང་མེད་པ་བཅས་ཀྱི་རྩོམ་དབང་ལྡན་དགོས་པ་དང་། དཔྱད་འདེམས་ནང་ཞུགས་མཁན་གྱིས་ད་དུང་རང་ཉིད་ཀྱིས་བདམས་སྐྱེལ་བྱས་པའི་བརྩམས་ཆོས་ཀྱིས་མི་གཞན་གྱི་རྩོམ་དབང་དང་། འདྲ་པར་གྱི་བདག་དབང་། མིང་གྲགས་ཐོབ་དབང་། སྒེར་དོན་གསང་བའི་དབང་ཆ་སོགས་ཚུད་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་མི་ཕོག་པའི་འགན་ལེན་ཡང་བྱེད་དགོས། བརྩམས་ཆོས་སམ་བརྩམས་ཆོས་བསྐུར་བའི་བྱ་སྤྱོད་ལས་ཐོན་པའི་བཅའ་ཁྲིམས་ཀྱི་རྩོད་གཞིའི་འགན་ཚང་མ་བརྩམས་ཆོས་བསྐུར་མཁན་རང་ཉིད་ཀྱིས་འཁུར་དགོས།

    གཞན་ཡང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་རྣམ་པ་དང་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ད་ལོའི་བྱེད་སྒོར་བརྩམས་ཆོས་བསྡུ་བའི་རྨང་གཞིའི་ཐོག་བྱེད་སྒོའི་མྱུར་འཁྲབ་དང་སྒྲོག་འགྲེལ་ལྷུ་ཚིགས་མང་དུ་གཏོང་བའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་མངོན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་མངོན་ཆེད་རེད།

    ལྔ། བརྩམས་ཆོས་བསྡུ་བའི་དུས་ཚོད།

    “ས་མཐོའི་སེ་འབྲུ་དམར་པོ། ལོ་ངོ་དྲུག་ཅུའི་འབད་འབུངས”ཞེས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཡིག་གཟུགས་དང་པར་རྒྱག་བརྩམས་ཆོས་བསྡུ་བའི་བྱེད་སྒོ་སྐབས་བདུན་པའི་དུས་ཚོད་ནི་2025ལོའི་ཟླ་5ཚེས་19ཉིན་ནས་2025ལོའི་ཟླ་6ཚེས་28ཉིན་བར་ཡིན།

    དྲུག བརྩམས་ཆོས་ཀྱི་བྱ་དགའ་བཀོད་སྒྲིག

    ཡིག་གཟུགས་དང་པར་རྒྱག་བརྩམས་ཆོས་སོ་སོར་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་5བཅས་ཡོད་པ་དང་ལྷག་མ་12ནི་གྲལ་ཚུད་བྱ་དགའ་རེད།

    གཟིགས་བཟོས་ནི་བྱ་དགའ་རིམ་པ་དང་པོར་སྒོར་2000དང་། བྱ་དགའ་རིམ་པ་གཉིས་པར་སྒོར་1000 བྱ་དགའ་རིམ་པ་གསུམ་པར་སྒོར་500 གྲལ་ཚུད་བྱ་དགར་སྒོར་300བཅས་རེད།

    བདུན། དོ་སྣང་བྱེད་དགོས་པའི་དོན་ཚན།

    (གཅིག) ད་རེས་ཀྱི་བརྩམས་ཆོས་བསྡུ་བར་གྲོན་དངུལ་གང་ཡང་སྤྲོད་མི་དགོས་པ་དང་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན་བྱེད་པ་དང་རྩོམ་པ་པོ་བྱ་དགའ་སྤྲོད་པའི་མཛད་སྒོར་གདན་འདྲེན་རྒྱུ་དང་འགྲེམས་སྟོན་ཡོངས་སུ་ཚར་རྗེས་མི་སྒེར་གྱིས་ཉར་བའམ་ཡང་ན་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ལ་ཞལ་འདེབས་ཕུལ་ཆོག(ཞལ་འདེབས་ཕུལ་བའི་ལག་ཁྱེར་སྤྲོད་རྒྱུ) བྱ་དགའ་ཐོབ་མེད་པའི་བརྩམས་ཆོས་ཚང་མ་ཕྱིར་བསློགས་ཀྱི་མེད། གལ་ཏེ་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་བརྩམས་ཆོས་ཕྱིར་སློག་དགོས་ན་ལས་དོན་པར་འབྲེལ་བ་བྱེད་དགོས།

    (གཉིས) གཙོ་གཉེར་ཚན་པས་འགྲེམས་སྟོན་བྱས་པའི་བརྩམས་ཆོས་ལ་ཞིབ་འཇུག་དང་། པར་རྒྱག བརྙན་ཕབ། འགྲེམས་སྟོན། དཔེ་སྐྲུན། དྲིལ་བསྒྲགས་བཅས་བྱེད་པའི་དབང་ཆ་ཡོད།

    (གསུམ) ཡིག་གཟུགས་བརྩམས་ཆོས་ཀྱི་རྒྱབ་ལོགས་ཀྱི་གཡས་གཤམ་དུ་ཞ་སྨྱུག་གིས་དབུ་ཅན་ཐོག་ནས། རྩོམ་པ་པོའི་མིང་དང་། འབྲེལ་གཏུག་ས་གནས་ཞིབ་ཕྲ། སྦྲག་ཨང་། འབྲེལ་གཏུག་ཁ་པར་ཨང་གྲངས་བཅས་དེབ་སྐྱེལ་ཡི་གེའམ་ཆེས་མྱུར་ཆེད་སྐྱེལ་ཐོག་ནས་བསྐུར་དགོས། བླང་བྱ་གཞིར་བཟུང་རྩོམ་པ་པོའི་ཆ་འཕྲིན་བཀོད་མེད་པའི་བརྩམས་ཆོས་བསྐུར་རིགས་ཚང་མ་གོ་མི་ཆོད་པར་བརྩི་རྒྱུ། དཔྱད་འདེམས་ནང་ཞུགས་པའི་རྩམས་ཆོས་མཐའ་དག་ནི་རྩོམ་པ་པོའི་མ་རྩོམ་ཤ་སྟག་ཡིན་པ་ལས་གཞན་གྱི་བརྩམས་ཆོས་ལད་ཟློས་དང་རྐུ་བཤུས་གཏན་ནས་བྱེད་མི་རུང་ལ། དཔྱད་འདེམས་ནང་ཞུགས་ཟིན་པ་དང་བྱ་དགའ་ཐོབ་ཟིན་པའི་རང་ཉིད་ཀྱི་བརྩམས་ཆོས་བསྐྱར་དུ་སྤྱོད་མི་རུང་། དེ་ལས་ལྡོག་སྟེ་བཅའ་ཁྲིམས་ཀྱི་རྩོད་གཞིའམ་འགན་འཁྲི་གང་རུང་ཐོན་ཚེ་རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།

    བརྒྱད། བརྩམས་ཆོས་བསྐུར་སྟངས།

    ཡིག་གཟུགས་བརྩམས་ཆོས་བསྐུར་ཡུལ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་རྟགས་36པ(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས)

    བརྩམས་ཆོས་རྩིས་ལེན་མཁན། སྐུ་ཞབས་ཀུན་ལགས།

    འབྲེལ་གཏུག་ཁ་པར་ཨང་གྲངས། 18108903337

    པར་རྒྱག་བརྩམས་ཆོས་བསྐུར་སའི་སྦྲག་སྒམ། 18108903337@163.com

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།