ཞབས་ཞུའི་དོ་དམ་ལེགས་གཏོང་གིས། སྡོད་མལ་སྤུས་ཚད་མཐོ་རུ་བཏང་།
ལྷ་ས་དར་དམར་སྡེ་ཁུལ་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་བའི་སྐོར་བཀོད་པ།
འདི་ནི་དར་དམར་སྡེ་ཁུལ་གྱི“ཁྱིམ་མཚེས་ས་ཚུགས”ཡིན་པ།
འདི་ནི་ཁོངས་གཏོགས་ཁུལ་གྱི་གྲོང་མིས“ཁྱིམ་མཚེས་ས་ཚུགས”ཀྱི་ལས་དོན་པར་བློ་འདྲི་བྱེད་བཞིན་པ།
འདི་ནི་སྡེ་ལས་ཞབས་ཞུ་ཁང་གི་གཙང་སྦྲ་བ་ཁུལ་ཆུང་གི་ལམ་འཕྱག་པར་སྐྱོད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་གྲོང་ཚོ་ཨུ་ལྷན་གྱིས་ཡུལ་བབ་དང་བསྟུན་ནས་དར་དམར་གྱི་དུས་ཐེངས་གཉིས་པའི་ཁུལ་ཆུང་དུ་སྡེ་ལས་ཞབས་ཞུ་ཁང་བཙུགས་ནས་ཁུལ་ཆུང་གི་ཞབས་ཞུ་དོ་དམ་གྱི“ལམ་བུ་གསར་པ”འཚོལ་ཞིབ་བྱས་ཏེ། “དོ་དམ་བྱེད་མཁན་མེད་པ”ནས“དོ་དམ་ཞིབ་ཚགས་བྱེད་པའི”བར་འགྱུར་ལྡོག་བྱུང་ནས་གྲོང་མིའི་སྐྱིད་སྣང་དང་བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
“སྡེ་ཁུལ་རྙིང་པ”དེ“བདེ་སྐྱིད་ཁྱིམ་གཞིས”ལ་གྱུར་པ།
དར་དམར་གྱི་དུས་ཐེངས་གཉིས་པའི་ཁུལ་ཆུང་དུ་སྐྱོད་སྐབས། དར་དམར་གྲོང་ཚོ་ཨུ་ལྷན་གྱིས་ཁུལ་ཆུང་དུ་བཙུགས་པའི་སྡེ་ལས་ཞབས་ཞུ་ཁང་དེས། གྲོང་མི་ཚོར་འཆམ་མཐུན་དང་གནས་འཕྲོད་ལས་འཚམ་གྱི་འཚོ་བའི་ཁོར་ཡུག་བསྐྲུན་རྒྱུའི་འགན་འཁུར་བཞིན་ཡོད་པ་ཚོར་ཐུབ།
གསར་འགོད་པར་ཤེས་རྟོགས་བྱུང་བར། དར་དམར་གྱི་དུས་ཐེངས་གཉིས་པ་ནི་བཀོད་སྒྲིག་ཁུལ་ཆུང་ཞིག་ཡིན་པ་དེ་ཁུལ་རྙིང་པ་དང་ཁུལ་གསར་པ་གཉིས་སུ་ཕྱེ་ཡོད། ཁུལ་རྙིང་པ་ནི་2008ལོར་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ཁུལ་གསར་ནི་2019ལོར་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། ཁྱོན་ཐེམ་གྲངས་480ལྷག་ཙམ་ཡོད་པ་རེད། ཁུལ་ཆུང་དེ་བསྐྲུན་སྔ་བར་བརྟེན་སྡེ་ལས་དོ་དམ་གྱི་མ་གནས་མཐོ་བ་དང་དཀའ་ངལ་ཆེ་བས། ཁུལ་ཆུང་དེར་སྡེ་ལས་མེད་པའི་གནས་སུ་ལུས། ལོ་མང་རིང་། གྲོང་ཚོ་ཨུ་ལྷན་གྱིས་མཐུན་སྦྱོར་དང་གྲོང་མིས་རང་སྐྱོང་དོ་དམ་བྱས་ཀྱང་ཁུལ་ཆུང་ཁོར་ཡུག་གི་གཙང་སྦྲ་ཞན་པ་དང་། རྨང་གཞིའི་སྒྲིག་ཆས་རྙིང་འགྱུར། བདེ་འཇགས་ཀྱི་གནས་ཚུལ་ཐོན་མང་བ་སོགས་རྐྱེན་གྱིས་གྲོང་མིའི་བསམ་འཆར་མང་པོ་ཡོད། ཕྱིས་སུ་སྒྱུར་བཀོད་བྱས་པར་བརྟེན་སྡེ་ཁུལ་གྱི་ཁོར་ཡུག་ལེགས་སུ་ཕྱིན་ཏེ། ལོ་མང་སྤུངས་པའི་གད་སྙིགས་གཙང་འཕྱགས་བྱས་པ་དང་། གཏོར་སྐྱོན་ཕོག་པའི་གྱང་ཉམས་བཟོ། ལྗོན་ཤིང་དང་སྤང་བཏབ་ནས་ཁོར་ཡུག་མཛེས་སུ་བཏང་ལ། ད་དུང་རླངས་འཁོར་དང་གློག་སྒུལ་སྦག་སྦག་འཇོག་ས་བཟོས་ཡོད་པས། རླངས་འཁོར་དང་གློག་སྒུལ་སྦག་སྦག་གྲལ་སྟར་འགྲིག་པོ་བཞག་ཡོད། དེ་ལྟར་ཁུལ་ཆུང་གི་གྲོང་མིའི་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་ཏེ་དེ་སྔའི་བཙོག་ཟིང་ཞན་གསུམ་གྱི་སྡེ་ཁུལ་ད་ཆ་སྐྱིད་སྣང་དོད་པའི་སྡེ་ཁུལ་དུ་གྱུར་ཡོད།
སྡེ་ཁུལ་གྱི་གནས་ཚུལ་དང་བསྟུན་ནས་སྡེ་ལས་ཞབས་ཞུ་ཁང་བཙུགས་པ།
དར་དམར་དུས་ཐེངས་གཉིས་པའི་ཁུལ་ཆུང་དུ་སྡེ་ལས་མེད་པ་དང་གཙང་སྦྲ་ཞན་པའི་གནད་དོན་དམར་འདོན་བྱས་རྗེས། དར་དམར་གྲོང་ཚོ་ཨུ་ལྷན་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཏང་འཛུགས་སྐྱོང་གིས་ཁུལ་ཆུང་གི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་འོག་དར་དམར་དུས་ཐེངས་གཉིས་པའི་ཁུལ་ཆུང་དུ་སྡེ་ཁུལ་གྱི་གནས་བབ་དང་བསྟུན་ནས་སྡེ་ལས་ཞབས་ཞུ་ཁང་བཙུགས་ཏེ། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་སྡེ་ལས་ཞབས་ཞུ་ཁང་གི་ཅིང་ལིའི་འགན་ཁུར་ཏེ་ཁུལ་ཆུང་གི་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ཏེ་གྲོང་མི་ཚོར་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་སྡེ་ལས་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་ཐག་བཅད།
ལྷ་ས་དར་དམར་བཟོ་ཚོང་ཚད་ཡོད་ཀུང་སི་སྡེ་ལས་ཞབས་ཞུ་ཁང་གི་ཅིང་ལི་དང་དར་དམར་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟླ་བ་ཚེ་རིང་གིས། གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་ཆེད། གྲོང་ཚོ་ཨུ་ལྷན་གྱི་ལས་དོན་པས་གནས་ཚུལ་མཐིལ་རྟོགས་དང་བརྟག་དཔྱད་གཏིང་ཟབ་བྱས་ཏེ་གྲོང་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་མ་ཟད། ཁུལ་ཆུང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡེ་ལས་ཞབས་ཞུའི་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་དུས་ཡུན་ངེས་ཅན་ཞིག་གྲ་སྒྲིག་བྱས་པ་བརྒྱུད་ད་ལོའི་ཟླ་1ཚེས་1ཉིན་དར་དམར་དུས་ཐེངས་གཉིས་པའི་ཁུལ་ཆུང་གི་སྡེ་ལས་ཞབས་ཞུ་ཁང་དངོས་སུ་སྤྱོད་འགོ་ཚུགས་ཡོད་ཅེས་བརྗོད།
མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ།
སྡེ་ལས་ཞབས་ཞུ་ཁང་བཙུགས་རྗེས་དར་དམར་གྲོང་ཚོ་ཨུ་ལྷན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཁུལ་ཆུང་གི་བཅོས་སྐྱོང་དཀའ་གནད་བསལ་ཡོད།
གྲོང་མིའི་བསམ་འཆར་མང་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་དམིགས་ནས། སྡེ་ལས་ཞབས་ཞུ་ཁང་གིས་འཕྲལ་དུ་ཁུལ་ཆུང་གི་རྒྱལ་སྒོའི་མ་ལག་ཆ་ཚང་བརྗེས་པ་མ་ཟད། སྡེ་ཁུལ་ནང་ཁུལ་དུ་གློག་མིག་བསྒར་ནས་ཆུ་ཚོད་24རིང་ཁུལ་ཆུང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཆེད་ལས་བདེ་སྲུང་ཀུང་སི་དང་འབྲེལ་བ་བྱས་ཏེ་བདེ་སྲུང་པ་6བཀོད་སྒྲིག་བྱས་ནས་ཉིན་མོར་སྐོར་གཡེང་དང་མཚན་མོར་སྡོད་བྱ་བྱས་ནས་ཁུལ་ཆུང་གི་བདེ་འཇགས་ལ་འགན་ལེན་བྱས་ཡོད།
ཁུལ་ཆུང་གི་གཙང་སྦྲ་ཞན་པ་དང་སྒྲིག་བཀོད་སྒྲིག་ཆས་རྙིང་འགྱུར་སོགས་ཀྱི་གནད་དོན་ལ་དམིགས་ནས། སྡེ་ལས་ཞབས་ཞུ་ཁང་གིས་གཙང་སྦྲ་བྱེད་མཁན་བསྡུས་ཏེ། རྒྱུན་དུ་ཁུལ་ཆུང་གི་ལམ་དང་མེ་ཏོག་ལྡུམ་ར་དང་སྤྱི་པའི་ས་ཆར་གཙང་སྦྲ་བྱས་ནས་གད་སྙིགས་གཙང་འཕྱགས་བྱེད་ཀྱི་ཡོད།
གཞན་ཡང་། སྡེ་ལས་ཞབས་ཞུ་ཁང་གིས་ད་དུང་ཁུལ་ཆུང་གི་དཀའ་ངལ་ཡོད་པའི་གྲོང་མི་དང་ལས་ཀ་མེད་མཁན་10ལྷག་ཙམ་བསྡུས་ནས་ཁོང་ཚོར་སྡེ་ཁུལ་དུ་ལས་ཀ་བཀོད་སྒྲིག་བྱས་ཡོད།
མཉམ་བཅོས་མཉམ་རོལ་གྱི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་གྱི་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བའི་མཐུན་རྐྱེན་འོག དར་དམར་གྲོང་ཚོས“ཁུལ་ལྔ་འཛུགས་སྐྱོང”དང་དེ་བཞིན“ལྔ་ལྔའི་ལས་དོན་བྱེད་ཐབས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཁུལ་ཆུང་བཅོས་སྐྱོང་ཚན་པར་བརྩིས་ཏེ་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་སྣ་ཚོགས་ལ་གྲལ་བཤེར་གཏིང་ཟབ་དང་ཐག་གཅོད་ཧུར་ཐག་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཟླ་བ་ཚེ་རིང་གིས། དར་དམར་གྲོང་ཚོའི་ཁོངས་སུ་གཙང་གསུམ་ཁྱིམ་གཞིས་དང་། ཉི་འོད་གྲོང་ཁྱེར། དར་དམར་གྱི་དུས་ཐེངས་གཉིས་པ། དབྱངས་སྐྱིད་སྡེ་ཁུལ། རྣམ་སྲས་ལྡུམ་ར་བཅུ་པ་སོགས་ཁུལ་ཆུང་ཡོད། གྲོང་ཚོ་ཨུ་ལྷན་གྱིས་ཤེས་རྟོགས་བྱས་པ་བརྒྱུད། ཁུལ་ཆུང་ཚང་མའི་དོན་དངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་སྡེ་ལས་ཨུ་ཡོན་ལྷན་ཁང་དང་སྡེ་ལས་ཞབས་ཞུ་ཁང་འཛུགས་རྒྱུར་སྐུལ་འདེད་གཏོང་བ་སོགས་ནས་གཞི་རིམ་གྱི་བཅོས་སྐྱོང་བྱ་ཐབས་གསར་གཏོད་བྱས་པས། ཁུལ་ཆུང་ཁག་གི་དོ་དམ་སྤུས་ཚད་ལེགས་སུ་ཕྱིན་པ་མ་ཟད། ཁུལ་ཆུང་གི་ཁོར་ཡུག་དང་གྲོང་མི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
དེ་དང་ཆབས་ཅིག་དར་དམར་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་དམ་འཛིན་བྱེད་པ་དང་། “སྡེ་ཁུལ་ཁྱེད་ཀྱི་འགྲམ་དུ་ཡོད”ཅེས་པའི་དམིགས་ཚད་ལ་དམིགས་པ། “ཉེ་འགྲམ་དུ་ཡོད་པ་བཅུ”ཞིབ་ཕྲའི་དམ་འཛིན་བྱ་གཞིར་དམིགས་པ། “དྲ་རྒྱ+སྡེ་ལས”ཀྱི་མཉམ་སྒུལ་སྟོབས་ཤུགས་གང་ལེགས་སྤྱོད་པ། སྣ་མང་མཉམ་བཅོས་དང་ཞབས་ཞུ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁོངས་གཏོགས་ཁུལ་དུ“ཁྱིམ་མཚེས་ས་ཚུགས”བཙུགས་ཏེ་གྲོང་ཚོ་ཨུ་ལྷན་གྱིས་སྡེ་ཁུལ་ལ་ཞབས་འདེགས་ཞུ་བ་དང་། གྲོང་མི་མང་ཚོགས་ཀྱི་སྒོ་རྩར་བསྐྱོད་དེ་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུའི་ལས་དོན་སྤེལ་ཡོད།
གོམ་སྟབས་རྗེས་མར། དར་དམར་གྲོང་ཚོ་ཨུ་ལྷན་གྱིས་ད་དུང་སྡེ་ཁུལ་གྱི་ཟ་ཁང་དང་ཕྱོགས་བསྡུས་བྱེད་སྒོའི་ལྟེ་གནས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་བཀོད་སྒྲིག་བྱས་ནས་གྲོང་ཚོ་ཨུ་ལྷན་གྱི“ཐ་སྐྱོང”ཞབས་ཞུ་བརྒྱུད། གྲོང་མིའི་དགོས་མཁོ་གཙོ་བོར་བཟུང་བ་དང་གཞི་རིམ་གྱི་རང་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་བཅོས་སྐྱོང་གི་དཀའ་གནད་སེལ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་སྡེ་ཁུལ་གྱི་མཉམ་བཅོས་མཉམ་རོལ་ལ་སྣེ་ཁྲིད་བྱེད་ཐབས་གསར་པ་འཚོལ་ཞིབ་དང་ཁྱབ་གདལ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་རྒྱུ་རེད།