ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བའི་གོམ་སྟབས་སྤོ་མཚམས་འཇོག་མི་སྲིད།
མཇུག་འགྲིལ་མ་ཐག་པའི་ཀོང་ཀྲོའུ་ཚོང་འདུས་སྐབས་137པར་རྒྱལ་ཁབ་དང་ས་ཁུལ་219ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་28.8ཞུགས་པ་དང་ས་གནས་ས་ཐོག་གི་འདོད་མོས་ཕྱིར་གཏོང་གི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་254.4ཟིན་ནས་དུས་མཚུངས་ལས་3%འཕར་ཞིང་། དམིགས་ཚད་མང་པོ་ཞིག་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་ལས་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཁྲོད་ཕྱོགས་ཁག་དང་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་པ་མངོན་ཡོད། གོ་ལ་ཧྲིལ་པོ་ཅན་ལ་འགོག་རྐྱེན་འཕྲད་པ་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཐོན་བཞིན་པའི་དེང་གི་དུས་སུ་ཀྲུང་གོས་སྒོ་མོ་ཇི་ཙམ་འབྱེད་པ་དེ་ཙམ་གྱིས་ཆེ་རུ་བཏང་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བར་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་རྩ་ཆེན་བསྣན་ཡོད།
ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དེ་སུ་ཞིག་ལ་འགྲན་པ་ཞིག་མིན་ལ། གནས་སྐབས་ཀྱི་བྱེད་ཐབས་ཤིག་དེ་བས་མིན། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག་དང་ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40ལྷག་ཙམ་རིང་རྒྱུན་སྲིང་ལག་བསྟར་བྱས་པའི་གདམ་ག་ཞིག་ཡིན་ལ། ཀྲུང་གོས་འབྱུང་འགྱུར་ལ་ཕྱོགས་ནས་རང་ཉིད་འཕེལ་རྒྱས་གཏོང་བ་དང་འཛམ་གླིང་ལ་ཕན་པ་འདོགས་པའི་འོད་སྟོང་འབར་བའི་ལམ་ཆེན་ཞིག་དེ་བས་ཀྱང་ཡིན། ཀྲུང་གོས་རྒྱལ་ཁབ་ཀྱི་སྒོ་མོ་ཕྱེ་ནས་འཛུགས་སྐྲུན་མཐའ་འཁྱོངས་བྱེད་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བཞིན་ཡོད་པས། ཕྱོགས་ཁག་གིས“གཏན་འཁེལ་རང་བཞིན་གྱི་གནས་མཆོག་དང་མ་འཇོག་ལས་དར་གྱི་ཞིང་ས་གཤིན་པོར”བརྩི་བཞིན་ཡོད།
ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་དུས་ད་ལྟ་བ་ལས་འདས་པ་ཟེར་བ་མེད། ནང་འདྲེན་རྒྱ་སྐྱེད་ཧུར་ཐག་གཏོང་བ་ནི་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། ཀྲུང་གོས་ཉོ་ཚོང་གི་དྲང་ཁྱད་དོན་གཉེར་མི་བྱེད་པར་རང་འགུལ་ངང་ནང་འདྲེན་རྒྱ་སྐྱེད་བཏང་ནས་ཉོ་ཚོང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡོད། 2024ལོར་ཀྲུང་གོའི་ནང་འདྲེན་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་18.4ཟིན་པ་དེ་དུས་མཚུངས་ལས་2.3%འཕར་བ་དང་། ནང་འདྲེན་གཞི་ཁྱོན་ལོ་རྒྱུས་ཀྱི་མཐོ་ཤོས་བཏོད་ནས་ལོ་16བསྟུད་མར་གོ་ལ་ཧྲིལ་པོའི་ནང་འདྲེན་ཁྲོམ་ར་ཆེ་གྲས་གཉིས་པར་བརྟན་པོར་གནས་ཡོད།
ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཀྲུང་གོའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་པ་དེ་ནི་ཀྲུང་གོའི་རྣམ་འགྱུར་གསལ་པོ་ཞིག་ཡིན་ལ་ཀྲུང་གོའི་བྱ་སྤྱོད་ཏན་ཏིག་ཞིག་དེ་བས་ཀྱང་ཡིན། ད་ལོའི་དུས་ཚིགས་དང་པོར། ཀྲུང་གོས་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་12603གསར་དུ་བཙུགས་པ་དེ་དུས་མཚུངས་ལས་4.3%འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་ཀྲུང་གོའི་བཀག་རྒྱའི་གསལ་ཐོ་སྔ་ཤོས་ཀྱི་དོན་ཚན་190ནས་ད་ལྟའི་རྒྱལ་ཡོངས་ཀྱི་པར་གཞིའི་དོན་ཚན་29དང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་པར་གཞིའི་དོན་ཚན་27བར་ཉུང་དུ་ཕྱིན་པ་དང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་སུ“གཙང་སེལ”མངོན་འགྱུར་བྱུང་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཉིས་ཕན་གཉིས་ཁེའི་བར་མཐོངས་རྒྱ་སྐྱེད་བཏང་ཡོད། 2023ལོར། ཨ་རིས་ཀྲུང་གོར་མ་འཇོག་ཁེ་ལས་1920གསར་དུ་བཙུགས་པ་དང་དངོས་སུ་མ་དངུལ་ཨ་སྒོར་དུང་ཕྱུར་33.6བཏང་བ་དེ་ལོ་གོང་མ་ལས་52.0%འཕར་ཡོད། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཨ་རིའི་ཁེ་ལས་ལ་ཚོང་དོན་གོ་སྐབས་དང་ཁེ་སྤོགས་འབོར་ཆེན་བསྐྲུན་ཡོད། དཔེར་ན། ཀྲུང་གོར་ཐེ་སི་ལཱ་རླངས་འཁོར་ཕྱིར་ཚོང་བྱེད་ཚད་མུ་མཐུད་འཕར་བ་སྟེ། 2024ལོར་ཕྱིར་ཚོང་བྱེད་ཚད་རླངས་འཁོར་ཁྲི་65.7ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་8.8%འཕར་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱི་རང་བདག་སྒོ་འབྱེད་སྲིད་ཇུས་ཀྱིས་ཨ་རིའི་མ་དངུལ་ཚུད་པའི་རྒྱལ་ཁབ་ཁག་གི་དངུལ་རྩའི་སྒྲིག་གཞིར་ཕན་པ་བཏགས་པ་དང་། ཨ་རིའི་མ་དངུལ་གྱི་འགན་བཅོལ་ཀུང་སི་10ལྷག་ཙམ་གྱིས་ཀྲུང་གོར་ཡན་ལག་ཀུང་སི་བཙུགས་ཡོད། ཀའོ་ཧྲེང་དང་། ཡུན་ཐུང་། ཨ་རིའི་དངུལ་ཁང་། ཨ་རིའི་གྲོང་ཁྱེར་ཆེན་པོའི་སྲོག་བརྟེན་འགན་བཅོལ་སོགས་ཨ་རིའི་དངུལ་རྩའི་སྒྲིག་གཞི་ཚང་མར་ཀྲུང་གོ་ནས་མ་འཇོག་གི་ཁེ་བཟང་མང་པོ་རག་ཡོད། པེ་ལའེ་ཏེ་དང་། ཧྥུའུ་ཏ། ལུའུ་པོ་མའེ། མོ་ཀེན་ཏ་ཐུང་། མོ་ཀེན་ཧྲི་ཏན་ལི། ལན་པོ་སོགས་ལ་ཕྱི་རྒྱལ་ཚོང་པའི་མ་རྩ་ཁེར་རྐྱང་ཐེབས་རྩ་དོ་དམ་ཀུང་སི་འཛུགས་པའི་ཆོག་མཆན་ཐོབ་ཡོད།
སྒོ་འབྱེད་ནི་འཕེལ་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་དང་བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་སྲིད། སྒྱུར་བཅོས་སྒོ་འབྱེད་བརྒྱུད་མྱོང་བའི་ཀྲུང་གོས་གནས་ལུགས་དེ་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད། དེར་བརྟེན་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པས། མུ་མཐུད་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱོད་རྒྱུ་ཡིན་པ་དང་། དེ་ནི་ཀྲུང་གོའི་བརྗིད་ཉམས་ལྡན་པའི་ཁས་ལེན་ཞིག་ཡིན་ལ། འགན་འཁུར་བའི་རྒྱལ་ཁབ་ཆེན་པོས་འཁུར་དགོས་ངེས་ཀྱི་འགན་འཁྲི་ཞིག་ཀྱང་ཡིན།