ཀྲུང་གོའི་དཔེ་དེབ་རྩེ་གྲར་ཨབ་ཀྲ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནས་དོ་ཁུར་ཆེན་པོ་ཐོབ་པ།
“དུས་རབས་གསར་པར་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེར་གོ་བ་ལེན་ཐུབ”
ཉེ་ཆར། ཨབ་ཀྲ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་སོ་བཞི་པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འགྲེམས་སྟོན་ལྟེ་གནས་སུ་གཉེར་ཞིང་། སྐབས་འདིའི་དཔེ་དེབ་འགྲེམས་སྟོན་ལ“ཤེས་བྱར་བརྟེན་ནས་ང་ཚོའི་སྡེ་ཁུལ་ལ་འོད་མདངས་འཕྲོ་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ཁབ་དང་ས་ཁུལ་96གི་འགྲེམས་ཞུགས་ཚོང་པ་1400ཞུགས་ཡོད། ཀྲུང་གོ་སློབ་གསོ་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པ་དང་མི་དམངས་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཚན་པ་11ལས་གྲུབ་པའི་ཀྲུང་གོ་དཔེ་སྐྲུན་འཐུས་མི་ཚོགས་པས་དཔེ་དེབ་རྩེ་གྲ་སྟོང་ཕྲག་ཙམ་འཁྱེར་བ་མ་ཟད། རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།
ཨབ་ཀྲ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནི་ཨེ་ཤེ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་བཅས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་གྲས་ཤིག་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྐབས་འདིའི་དཔེ་དེབ་འགྲེམས་སྟོན་ལ་ལྟ་མཁན་མི་ཐེངས་ཁྲི་30ལྷག་ཙམ་ཟིན་ཡོད།
ད་ཕན་ལོ་ཤས་རིང་། ཀྲུང་གོ་དཔེ་སྐྲུན་སྒྲིག་གཞིས་ཨབ་ཀྲ་པེའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ལ་བསྟུད་མར་ཞུགས་པ་དང་། ཀྲུང་ཨ་དཔེ་སྐྲུན་རིག་གནས་མཉམ་ལས་ལྟེ་གནས་དང་ཀྲུང་ཨ་བསྟན་བཅོས་སྒྱུར་རེས་དཔེ་སྐྲུན་འདུ་འགོད་སོགས་ཀྱི་ལས་སྟེགས་བརྒྱུད་ཨ་རབ་རྒྱལ་ཁབ་དཔེ་སྐྲུན་སྒྲིག་གཞི་དང་ཡུལ་དེའི་ཀློག་པ་པོ་དང་སྤེལ་རེས་གླེང་མོལ་བྱ་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ཡོད། སྐབས་འདིའི་དཔེ་དེབ་འགྲེམས་སྟོན་ལ་ཀྲུང་གོ་དཔེ་སྐྲུན་ཚན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་དང་འབྲེལ་ཡོད་སློབ་སྦྱོང་ཀློག་དེབ་ཀྱི་རྒྱ་ཡིག་པར་གཞི་དང་ཨ་རབ་ཡི་གེའི་པར་གཞི་གཙོ་གནད་ཐོག་འོས་སྦྱོར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་དང་འབྲེལ་ཡོད་སློབ་སྦྱོང་ཀློག་དེབ་ཀྱི་རྒྱ་ཡིག་པར་གཞི་དང་ཕྱི་རྒྱལ་ཡི་གེའི་པར་གཞི་སོགས་ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་རྩེ་གྲ་དང་། ཀྲུང་གོའི་གསར་རྩོམ་གྱི་ཚན་འཕྲུལ་དཔེ་དེབ། ཀྲུང་ཨ་སྒྱུར་རེས་ཀྱི་གྲུབ་འབྲས་དཔེ་དེབ་བཅས་དང་དེ་བཞིན་རྒྱལ་ནང་དུ་དཔེ་སྐྲུན་བྱས་པའི་དཔེ་ཚོགས་རྩེ་གྲ་གཅིག་སྡུད་འགྲེམས་སྟོན་བྱས་པ་མ་ཟད། ཡང་སྒོས་སུ་ཨ་རབ་ཀྱི་ཀློག་པ་པོའི་ལྟ་ཀློག་གོམས་གཤིས་དང་འཚམ་པའི་ཀྲུང་གོའི་དེང་རབས་རྩོམ་རིག(བྱིས་པའི་རྩོམ་རིག་ཚུད་པ)གི་རྩོམ་པ་པོའི་བརྩམས་ཆོས་ངོ་སྤྲོད་བྱས་པ་རེད། ཡུལ་དེའི་ཀློག་པ་པོ་མང་པོ་ཞིག་གིས་ཀྲུང་གོའི་འགྲེམས་སྟེགས་སུ་བསྡད་ནས་དཔེ་དེབ་ལྟ་ཀློག་བྱས་པ་མ་ཟད། ད་དུང་དཔེ་དེབ་ཀྱང་ཉོས་ཡོད་པ་རེད།