ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་ཞིང་ལས་མཉམ་ལས་ཀྱི་སྤུས་ཚད་ལེགས་སུ་ཕྱིན་པ།
སུའུ་རི་ནམ་ལ་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་སོ་ནམ་བྱེད་ལུགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད། ཀྲུང་གོའི་རྣམ་གྲངས་ལ་ལག་ལེན་རང་བཞིན་དང་འཚམ་མཐུན་རང་བཞིན་གྱི་ལེགས་ཆ་མངོན་གསལ་དོད་པོ་ལྡན་པ་དེས་སུའུ་རི་ནམ་གྱི་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། སུའུ་རི་ནམ་ཞིང་ལས་ལག་རྩལ་མཉམ་ལས་ལྟེ་གནས་ལ་ཀྲུང་གོའི་ལག་རྩལ་རོགས་སྐྱོར་རྣམ་གྲངས་ལག་བསྟར་ལམ་ལྷོངས་བྱུང་བ་ནི་ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་ཞིང་ལས་མཉམ་ལས་སྤུས་ཚད་ལེགས་སུ་ཕྱིན་པ་དང་རིམ་པ་འཕར་བའི་མཚོན་ཚུལ་གསོན་ཉམས་དོད་པ་ཞིག་རེད། རྣམ་གྲངས་དེས“ལག་རྩལ་གསོ་སྦྱོང་དང་། ས་གནས་དང་འཚམ་པ་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད་སུའུ་རི་ནམ་གྱི་རགས་ལས་རྣམ་པའི་སྲོལ་རྒྱུན་སོ་ནམ་ལ་འགྱུར་བ་ཐེབས་ནས་ཚ་ལུ་མ་དང་ངང་ལག་སོགས་ཀྱི་ཐོན་འབབ་མངོན་གསལ་དོད་པོས་མང་དུ་སོང་སྟེ་ཞིང་དུད་ཁག་གཅིག་ལ་ཡོང་འབབ་60%ལྷག་ཙམ་འཕར་ཞིང་། དེས་གསར་དར་ཁྲོམ་རའི་རྒྱལ་ཁབ་ལ་ཀྲུང་གོའི་ཞིང་ལས་ལག་རྩལ་ཕྱོགས་སྒྱུར་ཐུབ་པའི་མི་མངོན་པའི་སྟོབས་ཤུགས་ར་འཕྲོད་བྱུང་ཡོད།
མིག་སྔར། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་ཞིང་ལས་མཉམ་ལས་དེ་སྲོལ་རྒྱུན་གྱི་ཞིང་ལས་ཐོན་རྫས་ཚོང་དོན་གྱི་ཁྱབ་ཁོངས་ལས་བརྒལ་ཏེ་ཡོངས་སུ་ཐོན་ལས་འཁོར་འབྲེལ་གྱི་མཉམ་སྒྲུབ་བྱེད་སྟངས་ལ་འགྱུར་བཞིན་ཡོད། ཀྲུང་གོས་ལ་ཏིང་མེ་གླིང་ལ་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་བཏོན་པ་དང་ཆབས་ཅིག་ཚུར་ཚ་ཁུལ་ལོ་ཏོག་འདེབས་འཛུགས་ཀྱི་ཉམས་མྱོང་ནང་འདྲེན་བྱས་ཏེ་ཕན་ཚུན་གསབ་རེས་ཤིག་ཆགས་ཡོད། རིག་ལྡན་ཞིང་ལས་མཉམ་ལས་གསར་པའི་གཙོ་གནད་ཅིག་ཏུ་གྱུར་པ་དང་སྦྲགས་རྒྱང་ཚོར་གྱི་ལྟ་ཞིབ་ཚད་ལེན་དང་། འདེབས་འཛུགས་གནད་སྨིན་སོགས་ཁྱབ་ཁོངས་ཐད་ལ་ཏིང་མེ་གླིང་དང་ཀྲུང་གོ་གཉིས་པོའི་དབར་མཉམ་ལས་ཀྱི་བར་མཐོངས་སྔར་བས་རྒྱ་ཆེ་རུ་སོང་ཡོད།
ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་དགོས་མཁོ་དང་ཀྲུང་གོའི་ཞིང་ལས་ལག་རྩལ་དང་། མ་དངུལ། ཁྲོམ་ར་བཅས་ཀྱི་ལེགས་ཆའི་དབར་ཐུན་མོང་གི་ངོས་འཛིན་ཞིག་གྲུབ་བཞིན་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་མཉམ་ལས་ཀྱི་དགོས་མཁོ་དེ་ས་གནས་ཅན་དུ་འགྱུར་བའི་གསར་གཏོད་ལ་སྔར་བས་གཙིགས་ཆེན་བྱས་ཏེ་ཀྲུང་གོའི་ཉམས་མྱོང་དང་ལ་ཏིང་མེ་གླིང་གི་སྐྱེ་ཁམས་སྣ་མང་རང་བཞིན་ཟུང་དུ་སྦྲེལ་ནས་མཉམ་དུ་འབྲུ་རིགས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་རེད་ལ། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་ཞིང་ལས་མཉམ་ལས་དེ་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། དེའི་ལྟེ་བ་ནི་དངོས་ཕན་སྟོན་ཕྱོགས་སུ་བཟུང་ནས་གཉིས་ཁེ་གཉིས་ཕན་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་དེ་ཡིན་པ་རེད།
(རྩོམ་པ་པོ་སུའུ་རི་ནམ་ཞིང་འབྲོག་ཉ་ལས་སྡེ་ཚན་པུའི་དཔོན་རིགས་ཡིན་པ་དང་། འདི་ག་ཚགས་པར་གྱི་གསར་འགོད་པ་ཞེ་ཡ་ཉིང་གིས་བཅར་འདྲི་བྱས་ནས་བསྒྲིགས)