ལོ་རྒྱུས་དང་རིག་གནས་ཀྱི་རོ་བཅུད་མྱོང་བ།
རང་ལྗོངས་ཀྱི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་རིམ་སྤེལ་བྱེད་སྒོའི་སྐོར་བཀོད་པ།
འདི་ལོའི་ཟླ་5ཚེས་18ཉིན་ནི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོ་49པ་རེད། རང་ལྗོངས་ཀྱི་2025ལོའི“5·18རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི”རིམ་སྤེལ་བྱེད་སྒོའི་ཚོགས་ར་གཙོ་བོ་ཡིན་པའི་བོད་ལྗོངས་རྟེན་མཛོད་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། གྲོང་མི་དང་ཡུལ་སྐོར་བས་འགྲེམས་སྟོན་དང་། སྤྲོ་གླེང་། ཚོང་འདུས། འཆད་ཁྲིད་བཅས་བྱེད་སར་བསྐྱོད་ནས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལ་མྱོང་རོལ་བྱེད་བཞིན་ཡོད།
ད་ལོའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་བྱེད་སྒོར“འགྱུར་ལྡོག་མགྱོགས་མྱུར་འགྲོ་བའི་སྤྱི་ཚོགས་ཁྲོད་ཀྱི་རྟེན་མཛོད་ཁང་གི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། བརྗོད་དོན་དེར་དམིགས་ནས་ཟླ་འདིའི་ཚེས་15ཉིན་ནས་བཟུང་བོད་ལྗོངས་རྟེན་མཛོད་ཁང་དང་ཡན་ལག་ཚོགས་ར་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་སྤྲོ་སྣང་དོད་པའི་བྱེད་སྒོ་སྤེལ་ཡོད།
“ལོ་རྒྱུས་ལ་ཉེ་བཅར་ཞེས་པའི་རྩ་ཆེའི་དངོས་རྫས་གཟིགས་དཔྱད་ཁུལ”དུ། སྔོན་མངགས་བྱས་པའི་ལྟད་མོ་བ་མི་ཉུང་བ་ཞིག་གིས་ལག་ཤུབས་དཀར་པོ་གྱོན་པ་དང་། རིཌ་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་མིང་རྒྱལ་རབས་ཡུང་ལེ་སྐབས་ཀྱི་ཐང་གར་ཐག་ཉེ་པོས་ལྟ་ཞིབ་བྱས་ནས་རིག་དངོས་ཀྱི་ལོ་རྒྱུས་གཏམ་རྒྱུད་དང་སྒྱུ་རྩལ་གྱི་གྲུབ་འབྲས་ཉན་བཞིན་ཡོད། ལྟད་མོ་བ་ཁག་གཅིག་གིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་རིགས་གཅིག་མཁས་ཅན་ལ་དྲི་བ་བཏོན་ཏེ་རྩ་ཆེའི་རིག་དངོས་ཁྲོད་ནས་ལོ་རྒྱུས་ཀྱི་གསང་བ་དེ་བས་མང་བ་ཤེས་པར་རེ།
“གྲངས་འཛིན་རྟོགས་བཟོའི”འགྲེམས་སྟོན་ཁུལ་དུ། གསར་འགོད་པས་ལྟད་མོ་བ་མང་པོ་ཞིག་འགྲེམས་སྟོན་ཁུལ་དཀྱིལ་གྱི་ས་གདན་ཐོག་བསྡད་ནས་རྟོགས་བཟོ་བྱས་པའི་ལོ་ངོ་སྟོང་གི་མངའ་རིས་གུ་གེའི་རྩ་ཆེའི་ལྡེབས་རིས་ལ་མྱོང་རོལ་བྱེད་པ་མཐོང་བྱུང་། མཛུབ་མོ་གནོན་ཐེངས་རེར་རྩ་ཆེའི་ལྡེབས་རིས་ཀྱི་ཞིབ་ཆ་ཚང་མ་ལྟ་ཐུབ། བྱིས་པ་ཞིག་གིས“ཨ་ཙི། ང་ཚོ་འཕུར་ནས་ལྡེབས་རིས་ལ་ལྟ་གི་ཡོད་པའི་སྣང་བ་ཡོང་གི་འདུག”ཅེས་ཧང་སངས་ནས་བཤད། གྲངས་འཛིན་ལག་རྩལ་བེད་སྤྱད་པ་དེས“བེམ་པོར་གནས་པའི”རིག་དངོས“གསོན་པོར”གྱུར་ནས་ལྟད་མོ་བ་ཚོར་མྱོང་ཚོར་གསར་རྐྱང་ཞིག་སྦྱིན་ཡོད།
ཚེས་18ཉིན་གྱི་ཆུ་ཚོད་20ནས་22བར། རྟེན་མཛོད་ཁང་གི་མཚན་མོའི་བྱེད་སྒོ་བོད་ལྗོངས་རྟེན་མཛོད་ཁང་གི་ཡོངས་མངོན་འགྲེམས་ཁང་དུ་སྤེལ་ཞིང་། ངོ་མཚར་ཆེ་བའི་ལྷ་མོའི་འཁྲབ་སྟོན་དང་རལ་པའི་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ། “སྲོལ་རྒྱུན་གྱི་གྱོན་དཔེ་ངོམ་སྟོན”ནང་ཞུགས་པའི་མོ་ཐྲོལ་གྱིས་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་སྣམ་བུའི་གྱོན་ཆས་གྱོན་ནས་བཀྲག་མདངས་འཚེར་བའི་གར་སྟེགས་ཐོག་འགྲོ་བཞིན་ཡོད་པ་དང་། རྟེན་མཛོད་ཁང་གི་ལས་དོན་མི་སྣས་ཀྱང་མི་རིགས་ཁག་གི་གྱོན་ཆས་གྱོན་ནས་མི་ཚོགས་ཁྲོད་དུ་འགྲོ་བཞིན་དུ། ལོ་རྒྱུས་ཀྱི་རི་མོ་མིག་མདུན་དུ་བཤམས་པ་དང་མཚུངས།
རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་འཁྲུག་ཆ་དོད་པའི་རྣམ་པ་བོད་ལྗོངས་རྟེན་མཛོད་ཁང་ཁོ་ནར་མིན་ཏེ། ཚེས་18ཉིན་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་གཉེར་བའི“2025ལོའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་གཡག་གི་བརྗོད་དོན་གཙོ་བོའི་རིག་གནས་ཉམས་ལེན”བྱེད་སྒོར་ཡང་ངོ་མཚར་ཤིན་ཏུ་ཆེ། རྟེན་མཛོད་གླིང་དུ་མ་འཛུལ་གོང་ནས“ཚ་རླབས”ཤིག་དེ་མུར་འཕྱུར་ཞིང་། ཉིན་གང་སྒོ་ཕྱེ་བའི་གཡག་གི་རིག་གནས་མཉམ་འགུལ་ཉམས་ལེན་བྱ་ཡུལ་དུ་ལྟད་མོ་བས་སྦྲ་གུར་དུ་འཛུལ་ནས་ཇ་བསྲུབས་མའི་བྲོ་བ་མྱོང་བ་དང་འབྲོག་པའི་འཚོ་བའི་ཉམས་ལེན་ཆོག་པ་མ་ཟད། འབྲོག་པ་དང་ལག་ཤེས་པའི་མཛུབ་ཁྲིད་འོག་ནོར་གྱི་རྩིད་འཐག་དང་། ནོར་གྱི་པགས་བཟོས། མར་འདོན་པ། འུར་རྡོ་བཟོ་བ་སོགས་སྲོལ་རྒྱུན་གྱི་བཟོ་རྩལ་ཡང་ཉམས་ལེན་བྱེད་ཆོག
ཟླ་5ཚེས་18ཉིན་མངའ་རིས་རྟེན་མཛོད་ཁང་གིས་ད་ལོའི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་དངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་བ་རེད། མངའ་རིས་མངོན་མིན་རིག་གནས་ཤུལ་བཞག་གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཅིང་། དངོས་རྫས་འགྲེམས་སྟོན་དང་པར་རིས་ངོ་སྤྲོད། དེ་བཞིན་བརྙན་ལམ་སྟོན་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཕྱོགས་ཡོངས་དང་ཟུར་ཚད་མི་འདྲ་བའི་སྒོ་ནས་ཤོན་དང་གཉེན་སྲོལ་ཚུད་པའི་སྲོལ་རྒྱུན་གྱོན་ཆས་དང་འཚོ་བའི་གོམས་སྲོལ་སོགས་མངོན་མིན་རིག་གནས་ཀྱི་ནང་དོན་མངོན་པར་བྱས་ཡོད།