དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དབང་སྐྱོན་བྱ་གཞག་ཕྱོཌ་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱི་ཧྲུའུ་རན།   |     སྤེལ་དུས།  2025-05-19

    ཟླ་5ཚེས་16ཉིན། རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་སྔོན་ཐོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་བདུན་པ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་དབང་སྐྱོན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་མ་ཟད། མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་གསལ་བཏོན་གནང་ཡོད་པས། སྤྱི་ཚོགས་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ཏེ་དབང་སྐྱོན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།

    “དབང་པོ་སྐྱོན་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབང་པོ་སྐྱོན་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ལ། གཅེས་སྐྱོང་དང་དོ་ཁུར་ལྷག་པར་བྱེད་དགོས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཀྱང་རེད”ཅེས་གསུངས་ཡོད།

    “སློབ་གྲྭ་འགྲིམ་སྐབས་མི་མང་པོ་ཞིག་གིས་ང་ལ་གཅེས་སྐྱོང་དང་རོགས་རམ་བྱས་པར་བརྟེན་ངའི་གདེང་ཚོད་བརྟན་དུ་ཕྱིན་སོང་། ངའི་མིག་ཤེད་ཉམས་རུང་། ཚང་མ་ཤེས་ཀྱི་ཡོད། ངས་མི་ཚེའི་ཕུགས་འདུན་དོན་གཉེར་ཧུར་ཐག་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་རང་ཉིད་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་ཝུའུ་ཧན་རང་བྱུང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་བདེ་འཇགས་ཚན་རིག་དང་འཕྲལ་སྡོམ་དོ་དམ་སློབ་གླིང་གི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཧོང་དབྱིན་གྱིས་བཤད། ལོ་གཉིས་ལ་སླེབས་སྐབས་གཟུགས་པོར་ཚ་བ་ཆེན་པོ་ཞིག་བརྒྱབ་ནས་ཧོང་དབྱིན་གྱི་མིག་གཉིས་ལོང་མོད། འོན་ཀྱང་ཁོང་གིས་འཚོ་བའི་དཀའ་ངལ་དང་འགྲན་སློང་ལ་དཔའ་མི་ཞུམ་པར་རང་སྐྱ་འཕེལ་བར་བྱས་པས་གཞོན་ནུ་མང་པོ་ཞིག་གི་མིག་དཔེར་གྱུར་ཡོད།

    རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་དབང་པོ་སྐྱོན་ཅན་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱི་ལུས་རྩལ་པ་ཁྲེན་མེན་དབྱི་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར། ཕྱིས་སུ་ཁོང་རྐུབ་སྟེགས་འཁོར་ལོ་ཅན་གྱི་མདའ་འཕེན་རྣམ་གྲངས་ཀྱི་ལུས་རྩལ་པར་གྱུར་རྗེས། བརྩོན་པ་ཆུ་མོའི་རྒྱུན་བཞིན་བསྐྱངས་ཏེ་གཞན་ལས་ལྷག་པའི་འབད་བརྩོན་བྱས། “ངས་མུ་མཐུད་སྦྱོང་བརྡར་ཧུར་ཐག་བྱས་ཏེ་མདའ་འཕེན་ར་བར་ཕུགས་འདུན་དོན་གཉེར་དང་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱས་ནས་ཀྲུང་གོའི་དབང་སྐྱོན་ལུས་རྩལ་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་ཟབ་བཞེས་གནང་བ་མ་ཟད། མངགས་བཅོལ་ཟབ་མོ་གནང་སྐབས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ངས་སེམས་ནུས་གང་ཡོད་བཏོན་ནས་གནའ་བོའི་ལྕགས་རི་རིང་པོར་གསོན་ཤུགས་གསར་པ་རྒྱས་ཆེད་དེ་བས་འབད་བརྩོན་བྱེད་ཀྱི་ཡིན”རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་དང་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་པ་ཏ་ལིང་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་ཡུལ་མི་མེ་ཅིང་ཐེན་ནི་རྣ་བ་འོན་པའི་དབང་པོ་སྐྱོན་ཅན་ཞིག་རེད། ཁོང་གིས་དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་རང་འགུལ་ངང་ལྕགས་རི་རིང་པོ་སྲུང་སྐྱོང་བྱས་ཤིང་། རྩྭ་ངན་བཀོག་པ་དང་། གད་སྙིགས་བསྒྲུགས་པ། ཚུལ་མིན་བྱེད་སྤྱོད་སྔོན་འགོག་སོགས་བྱ་རྒྱུ་ནི་ཁོང་གི་རྒྱུན་གཏན་གྱི་ལས་ཀ་ཡིན། མེ་ཅིང་ཐེན་གྱི་སྣེ་ཁྲིད་འོག གྲོང་མི་80ལྷག་ཙམ་དང་བླངས་པའི་དཔུང་ཁག་ལ་ཞུགས་ནས་མཉམ་དུ་ལྕགས་རི་རིང་པོ་སྲུང་བཞིན་ཡོད།

    “དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱས་ནས་དབང་སྐྱོན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱང་ལམ་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་པ་དང་དབང་སྐྱོན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

    ནང་སོག་རང་སྐྱོང་ལྗོངས་ཨ་ལ་ཧྲན་མོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་དབྱིན་ཧྭ་ཡིས། “སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལས་ང་ཚོས་དབང་སྐྱོན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོ་བ་ལོན་ཚད་དེ་བས་ཟབ་ཏུ་ཕྱིན་སོང་། དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་པར་འགག་རྩ་ནི་འདུ་ཤེས་བསྒྱུར་ཏེ། ‘གཞན་གྱིས་རོགས་སྐྱོར་བྱེད་པ’དེ‘རང་འགུལ་ངང་མཐུན་རྐྱེན་སྦྱར་བར’བསྒྱུར་ནས་དབང་པོ་སྐྱོན་ཅན་གྱི་གདེང་ཚོད་དང་རང་བཀུར་གྱི་བསམ་པ་ཐབས་བརྒྱ་ཇུས་སྟོང་ངང་འཕེལ་བར་བྱས་ཏེ་དབང་པོ་སྐྱོན་ཅན་ཚང་མ་འདྲ་མཉམ་ངང་སྤྱི་ཚོགས་དང་མཉམ་འདྲེས་དང་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་ཚབས་ཆེན་གསོ་བཅོལ་ལྟེ་གནས་སུ་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་འཕྲད་པའི་འཚོ་བ་དང་། ནད་གཡོག བདེ་ཐང་སླར་གསོ་སོགས་ཀྱི་དཀའ་གནད“གཅིག་འཐུས་རྣམ་པའི”ཐག་གཅོད་བྱས་པར་བརྟེན།“དབང་པོ་སྐྱོན་ཅན་གཅིག་གསོ་བཅོལ་དང་། ཁྱིམ་ཚང་གཅིག་གི་ཁུར་བུ་ཡང་དུ་གཏོང་བ། ཁྱིམ་ཚང་གཅིག་ལ་དྲོ་སྐྱིད་སྦྱིན་པ”བཅས་མངོན་འགྱུར་བྱུང་ཡོད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཐོག་མཐའ་བར་གསུམ་དུ་དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བར་དམིགས་ཏེ། ཁོང་ཚོ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁོང་ཚོས་སྤྱི་ཚོགས་ཐོག་ལས་དོན་དེ་བས་ཡག་པོ་སྒྲུབ་པར་རོགས་རམ་བྱ་རྒྱུ་མ་ཟད། དབང་པོ་སྐྱོན་ཅན་ལ་དེ་བས་སྤུས་ལེགས་ཀྱི་ཞབས་འདེགས་ཧུར་ཐག་ཞུ་གི་ཡིན”ཞེས་ཀྲུའུ་མ་ཏེན་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་ཞུས་ཏ་ཡིས་བཤད།

    “གོམ་སྟབས་རྗེས་མར་ང་ཚོས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དང་འཚམ་པའི་ལས་གནས་མུ་མཐུད་རྒྱ་སྐྱེད་བཏང་ནས་དབང་པོ་སྐྱོན་ཅན་དེ་བས་མང་བ་ལས་ཞུགས་འབབ་འཕར་ཡོང་བར་རོགས་རམ་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་གྲོགས་པོ་བློས་ཐུབ་དང་བློས་འགེལ་ཆོག་པའི་སྙིང་ཉེ་བ་ཞིག་བྱེད་ཀྱི་ཡིན”ཞེས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ཤིས་ཤང་ཐང་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཧོང་ཝུའེ་ཡིས་བཤད།

    “སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་བཀུར། སེམས་ཁུར། རོགས་རམ་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཧུར་ཐག་སྐྲུན་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་བཀུར། སེམས་ཁུར། རོགས་རམ་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཧུར་ཐག་སྐྲུན་དགོས”ཞེས་ནན་བཤད་གནང་ཡོད།

    ལག་བརྡ་སྦྱངས་ནས་ཉན་ཤེས་ཉམས་པའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྣེ་ཁྲིད་ནས“སྒྲ་མེད་མི་དམངས་ཉེན་དོན་ཁང”འཛུགས་པ། ཉན་ཤེས་ཉམས་པའི་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་མཁན་བཅས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར་དང་ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུས་ཧྲ་ཕིང་པ་ཆུས་ཡན་ལག་ཅུས་ཧུང་ཡན་མངགས་གཏོང་ཁང་གི་སློབ་སྟོན་པ་ཧོ་ཆའོ་ཡིས་དབང་པོ་སྐྱོན་ཅན་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ཡོད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རང་རྟོགས་ངང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ་དང་རང་འཁྲིའི་ལས་འགན་ལ་གཞི་ཚུགས་ནས་གྲོགས་པོ་དབང་པོ་སྐྱོན་ཅན་ཚོས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་རོགས་རམ་བྱེད་ཀྱི་ཡིན”ཞེས་ཧོ་ཆའོ་ཡིས་བཤད།

    རྒྱལ་ཡོངས་དབང་སྐྱོན་ལས་དོན་གྱི་སྔོན་ཐོན་མི་སྒེར་དང་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཞུས་ཕེང་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་རྗེས་ཕྲག་ཐོག་གི་འགན་འཁྲི་ལྕི་རུ་ཕྱིན་པ་ཚོར་ཞིང་། “ངས་རྒྱུན་དུ་ཞིབ་འཇུག་ཁང་དང་འབྲེལ་བ་ཡོད་པའི་ཀླད་འཕྲུལ་སྦྲེལ་ཆས་དང་མི་ཐབས་རིག་ནུས་ལག་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་འཕྲད་པའི་གནད་དོན་དངོས་ཐག་གཅོད་ཡག་པོ་བྱས་ཏེ་གྲོགས་པོ་དབང་པོ་སྐྱོན་ཅན་དེ་བས་མང་བས་ཚན་རྩལ་གྱི་སྟབས་བདེ་མཉམ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    “འགྲིམ་འགྲུལ་དངུལ་ཁང་གིས་ལོ་མང་བསྟུད་མར་དབང་སྐྱོན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་རིང་དབང་པོ་སྐྱོན་ཅན་གྱི་ལུས་པོ་དབང་སྐྱོན་ཡིན་རུང་སྙིང་སྟོབས་མི་ཉམས་པ་དང་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ལས་ང་དང་ལས་རོགས་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོས‘དངུལ་རྩ་དང་སྤྱི་ཕན’ཟུང་འབྲེལ་གྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བྱེད་ཐབས་སྔར་བས་གསར་གཏོད་བྱས་ནས་དབང་པོ་སྐྱོན་ཅན་དེ་བས་མང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུར་རོགས་རམ་བྱེད་ཀྱི་ཡིན”ཞེས་རྒྱལ་ཡོངས་དབང་སྐྱོན་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་དང་འགྲིམ་འགྲུལ་དངུལ་ཁང་ཏང་ཨུད་དྲིལ་བསྒྲགས་པུའི་ཁེ་ལས་རིག་གནས་ཁྲུའུ་ཡི་ལས་དོན་པ་མེ་དབྱིང་གིས་བཤད།

    “གོམ་སྟབས་རྗེས་མར་ང་ཚོས་དམིགས་བསལ་སློབ་གསོ་མུ་མཐུད་སྤེལ་ནས་བྱིས་པ་དབང་པོ་སྐྱོན་ཅན་དེ་བས་མང་བར་ལ་རྒྱ་ལྡན་པ་དང་སྤུས་ཚད་ལྡན་པའི་སློབ་གསོ་ཐོབ་པ་བྱས་ནས་ཁོང་ཚོར་ཚེ་སྲོག་གི་འོད་སྣང་སྦྱིན་གྱི་ཡིན”ཞེས་རྒྱལ་ཡོངས་དབང་སྐྱོན་ལས་དོན་གྱི་སྔོན་ཐོན་མི་སྒེར་དང་ཀོང་ཏུང་ཞིང་ཆེན་ཧྥུའུ་ཧྲན་གྲོང་ཁྱེར་བདེ་ཐང་སླར་གསོ་ཚོད་ལྟའི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཧོ་ཀྲི་ཧྥང་གིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།